R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༦ན
[A:༡༠༦ན]བསི་རིབ་ཀྱི་རོང་ངམ་མང་ཡུལ་གུ་ལེའི་མཚོ་ལ་གནས་པའི་ནག་ཕྱོགས་ལ་དགའ་བའི་ཀླུ་གདུག་པ་ཅན་ཞིག་སྐྱེས་ངན་ཞིག་གི་རྒྱུད་ལ་ཞུགས་པ། སངས་རྒྱས་དཀར་རྒྱལ་ཞེས་བྱ་བ། ལུས་ལ་འོད་ཟེར་འཕྲོ་ཞིང་ནམ་མཁའ་དང་འཇག་མའི་རྩེ་སོགས་སུ་སྐྱིལ་ཀྲུང་བཅས་ནས་ཆོས་ལོག་འབའ་ཞིག་བསྟན་པ་སོགས་ལོ་ཙཱ་བ་ཆེན་པོས་ཆོས་སྐྱོང་འདི་ཉིད་ཀྱི་སྒོ་ནས་བཏུལ་ཏེ་མིང་མེད་པར་བྱས། དེ་རྗེས་སྔགས་ལོག་སུན་འབྱིན་བརྩམས། མདོ་སྔགས་ཀྱི་བསྟན་པ་དྲི་མ་མེད་པ་དར་ཞིང་རྒྱས་པར་མཛད་པས། བོད་ཀྱི་བསྟན་པ་ཕྱི་དར་ལ་བསྟེན་ནས་སྐྱེ་དགུ་རྣམས་བདེ་བར་འཚོ་བ་ནི། ཆོས་སྐྱོང་འདི་ཉིད་དང་། ལོ་ཙཱ་བ་ཆེན་པོ་འདིའི་བཀའ་དྲིན་ཁོ་ན་ཡིན་པར་ཤེས་པར་བྱའོ། །ཡང་བོད་ཡུལ་འདིར་ལས་མགོན་དང་འབྲེལ་བའི་གཏེར་མའི་བྱུང་ཚུལ་ལ། སློབ་དཔོན་པདྨ་བོད་དུ་བྱོན་དུས་སུ་པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར་རྣམས་སློབ་དཔོན་ཉིད་དང་། བཙད་པོ་ཁྲི་སྲོང་ལྡེའུ་བཙན།