R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨ན
[A:༨ན]པར་སྣང་བ་རྣམས་ཡིན་ཏེ། ཁྲོས་པའི་རྒྱུད་ལས། དུར་ཁྲོད་གནས་པའི་མགོན་པོ་དང་། །ཉི་ཤུ་རྩ་བཞིའི་ཞིང་སྐྱོང་བཅས། །ཕྱི་རོལ་ཡུལ་དུ་རྒྱུ་བ་རྣམས། །དེ་དག་རིམ་པས་བཤད་པར་བྱ། །ཞེས་དང་། ཡུལ་ནི་ཉི་ཤུ་རྩ་བཞི་ཡི། །དྲག་པོའི་ཞིང་སྐྱོང་ཉི་ཤུ་ཡི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡི། །ས་གསུམ་རྣམ་པར་ཁྱབ་ནས་གནས། །ཞེས་གསུངས་སོ། །གཉིས་པ་ནི། རྡོ་རྗེའི་ལུས་ཀྱི་རྩ་གསུམ་འཁོར་ལོ་ལྔ། དེ་དག་གི་ནང་ན་གནས་པའི་ཁམས་དྭངས་མ་རླུང་དང་བཅས་པ་རྣམས་ཡིན་ཏེ། མགོན་པོ་མངོན་བྱུང་གི་ལེའུ་སོ་གཅིག་པ་ལས། ཨ་ཝ་དྷུ་ཏི་དང་། ལ་ལ་ན་དང་། ར་ས་ན་རྣམས་འདུས་པ་ལས་མགོན་པོའོ། །ལ་ལ་ན་ཤེས་རབ་ཀྱི་རང་བཞིན་དུ་ཤེས་པའོ། །ར་ས་ན་ཁམས་བདེ་བའི་རང་བཞིན་དུ་ཤེས་པའོ། །ཨ་ཝ་དྷཱུ་ཏི་ནི་བདེ་བ་ཆེན་པོའི་རང་བཞིན་ཅན་མ་ཞེས་པ་སྟེ།