R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧བ
[A:༧བ]རྣམས་སོ། །གསུམ་པ་ནི། བླ་མ་ཧེ་རུ་ཀ་འཁོར་ཁྲག་འཐུང་ཤ་ཟ་བྱེ་བ་འབུམ་སྡེ་རྣམས་སོ། །དེ་དག་ལ་རྒྱུད་ཅེས་བྱ་སྟེ། གང་ལས་འཕྲོས་པའི་གཞི་གསལ་སྟོང་ཟུང་འཇུག་སེམས་ཅན་ནས་རྡོ་རྗེ་འཛིན་པའི་བར་རྒྱུན་མ་ཆད་པར་གནས་པའི་ཕྱིར་ཏེ། འདུས་པ་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱའོ། །ཞེས་གསུངས། གསུམ་པ་ཕྱི་ནང་གི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། ཕྱིའི་མགོན་པོ། ནང་གི་མགོན་པོ། གསང་བའི་མགོན་པོ། དེ་སྐད་དུའང་མགོན་པོ་ཁྲོས་པ་ལས། ཕྱི་ནང་གསང་བའི་མགོན་པོ་ཆེ། །བདེ་བ་ཆེན་པོས་རོལ་པ་ཡི། །ཡེ་ཤེས་གསང་བ་བསམ་མི་ཁྱབ། །ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་སོགས་གསུངས་པའི་དང་པོ་ནི་ཕྱི་རོལ་གྱི་འཛམ་བུ་གླིང་གི་དུར་ཁྲོད་བརྒྱད་དང་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པ་ན་བཞུགས་པའི་ཆོས་སྐྱོང་གཙོ་འཁོར་གྱི་རྣམ་