R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༩བ
[A:༦༩བ]ཡིན་པས་རྡོ་རྗེ་གདན་དུ་བཞུགས་སུ་གསོལ་ཞེས་གསོལ་བ་བཏབ་པས། བདག་ཁྱོད་ཅན་དུ་བསྡད་ན་བསྟན་པ་ལ་ཕན་པའི་རྒྱུ་མཚན་ཡོད་ཅེས་གསུང་བྱོན། དེའང་ཕྱིས་ལོ་ཆེན་གྱིས་སྤྱན་དྲངས་ནས་བོད་དུ་བྱོན་པའི་རྟེན་འབྲེལ་ཡིན་ཞེས་བླ་མ་རྣམས་གསུངས་སོ། །བཤད་སྲོལ་གཉིས་པ་ལས་མགོན་པུ་ཏྲ་མིང་སྲིང་དང་འབྲེལ་བའི་གཏེར་མའི་བརྒྱུད་པའི་ལོ་རྒྱུས་ལ། འདིའི་བརྒྱུད་པའི་རྩ་བར་གྱུར་པ་ནི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་སྙིང་པོ་ཞེས་གྲགས་པ་དེ་ཡིན་ལ། དེ་ཉིད་མདོ་སྡེ་ལངས་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་