R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༦ན
[A:༦༦ན]རིགས་ཀྱིས་གསལ་བར་ཐོན་པ་ཡིན་གསུངས་ངོ་། །དོན་འདི་དག་ལ་དགོངས་ནས་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། མཧཱ་ཀཱ་ལས་བྲམ་ཟེ་མཆོག་སྲེད་ལ། །གནང་བའི་སྒྲུབ་ཐབས་རྣམ་གསུམ་ཡོད་ཅེས་པ། །དེ་ཉིད་གང་ཡིན་གངས་རིའི་ལྗོངས་འདི་རུ། །འགྱུར་དང་མ་འགྱུར་ལོ་རྒྱུས་ཇི་ལྟར་ཡོད། །ཅེས་གསུངས་པ་ཡིན་ལ། དེ་དག་ནི་འཕྲོས་པའི་དོན་ནོ། །དེ་ནས་ཡང་སྐབས་ཤིག་ཏུ་ཁ་ཆེའི་པཎྜི་ཏ་རྣམས་མུ་སྟེགས་རྣམས་དང་རྩོད་པ་བྱས་ནས་ཕམ་ནས། དགེ་འདུན་སྟོང་ཕྲག་ལྷག་པ་ཙམ་མུ་སྟེགས་ཀྱི་བསྟན་པ་ལ་འཇུག་དགོས་པ་བྱུང་ལ། སློབ་དཔོན་གྱིས་ཆོས་སྐྱོང་ལ་ལས་བཅོལ་བས། མུ་སྟེགས་ཀུན་ཀྱང་ནང་པའི་བསྟན་པ་ལ་བཙུད། ན་ལེནྡྲའི་མཁན་པོ་མུ་སྟེགས་ཀྱིས་འཆི་དུས་བཏབ་པ་དང་། སྒྲོལ་མའི་འབྱུང་གནས་ཀྱི་གཙུག་ལག་ཁང་གི་དགེ་འདུན་རྣམས་མུ་སྟེགས་ཀྱིས་ཕམ་པར་བྱས་ཏེ།