R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༤༢
[A:༤༢]གྱི་བརྒྱད་སྟོང་པ་གསུམ། དེ་ལ་སོགས་པ་ཆོས་དང་ཟང་ཟིང་གི་སྦྱིན་པ་དཔག་ཏུ་མེད་པ་མཛད་དོ། །ཡང་དེ་དག་ཐམས་ཅད་ལ། སྐུ་གདུང་གི་བཞུགས་ས་གསེར་གྱི་གདུང་རྟེན་དང༌། གསེར་གྱི་བཀྲ་ཤིས་སྒོ་མངས་དང༌། གསེར་གྱི་སྐུ་གཟུགས་ལ་སོགས་པ་མཛད་ནས་བླ་མ་དང་མཆེད་ཟླ་ཐམས་ཅད་ཀྱི་ཐུགས་དགོངས་ཐམས་ཅད་འགྲུབ་པར་མཛད་པ་ཡིན་ནོ། །ཕྲིན་ལས་གཞན་ཡང་གཙུག་ལག་ཁང་མང་དུ་བཞེངས་པ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་རིན་པོ་ཆེ་ལས་གྲུབ་པ་དུ་མ་དང༌། རྒྱལ་བའི་གསུང་རབ་མདོ་སྡེ་དང་རྒྱུད་སྡེ་འགྱུར་རོ་ཅོག་ཕལ་མོ་ཆེ་རིན་པོ་ཆེ་ལས་བཞེངས་པ་དང༌། ཆོས་བཞིན་སྒྲུབ་པའི་དགེ་འདུན་བརྒྱ་རྩ་བརྒྱད་ཞབས་འབྲིང་མཛད་པའི་ཐུགས་དགོངས་མཛད་ནས་ཡོ་བྱད་ཕལ་ཆེར་བསྒྲུབས་པ་དང༌། དེ་ལྟར་དཀོན་མཆོག་གསུམ་གྱི་ཉེ་བར་མཁོ་བ་མཆོད་པའི་བཀོད་པ་དང༌། མར་མེའི་ཕྲེང་བ་དང༌། ཆེན་པོ་ལ་འོས་པའི་གདུགས་དང༌། རོལ་མོའི་ཆ་བྱད་དུ་མ་དང༌། བླ་བྲེ་དང༌། ལྷབ་ལྷུབ་ཀྱི་བཀོད་པ་མཐའ་དག་བདེ་བར་གཤེགས་པའི་བསྟན་མི་ཉམས་ཤིང་འཕེལ་བར་བྱ་བའི་དོན་ཁོ་ན་མཛད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་རིན་པོ་ཆེ་དང་སྣག་ཚ་འདྲེས་པ་ཕྱེད་དང་སུམ་བརྒྱ་ལྷག་པ་ཅིག་ཕྱག་ཏུ་བྱུང་བ་ལ་བརྒྱ་ཙམ་ཞིག་བླ་མའི་གདུང་རྣམས་ས་སྐྱའི་གཙུག་ལག་ཁང་ན་བཞུགས་པ་ལ་ཕུལ། གཞན་དང་གཞན་རྣམས་ནི་དགེ་བའི་བཤེས་གཉེན་གཞན་དང༌། གཙུག་ལག་ཁང་གཞན་རྣམས་སུ་ཕུལ་ལོ། །དེ་ལ་སོགས་པ་ཕྱོགས་གཞན་རྣམས་ལ་ཡང་དཔག་ཏུ་མེད་ཅིང་ཡོད་བྱད་རྣམས་ཀྱང་ཇི་སྙེད་ཅིག་བྱུང་ཡང་བླ་མ་དཀོན་མཆོག་གི་ཕྱིར་ཕུལ་བ་དང༌། མགོན་མེད་པ་རྣམས་ལ་བཏང་ནས་བདེ་བ་ཅན་དུ་གཤེགས་པ་ན། གདན་དང་ན་བཟའ་ཕྲུག་གཅིག་མ་གཏོགས་པ་གསེར་ཏིལ་འབྲུ་ཙམ་མམ། ཡོ་བྱད་གཞན་བྲེ་གང་རི་བ་མ་བཟུང་བ་དེའི་སྟེང་དུ་བུན་སྐྱི་མཛད་ནས་གནང་བ་གསེར་སྲང་སུམ་ཅུ་ལྷག་དང་