R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༤༠
[A:༤༠]ལུང་ཐོབ་པ་ཕྱིས་ནན་ཏན་དུ་ཞུས་པ་ནི། སློབ་དཔོན་ཞང་དང༌། སློབ་དཔོན་འཇམ་པའི་རྡོ་རྗེ་དང༌། སུམ་པ་ལོ་ཙཱ་བ་དང༌། དགེ་བཤེས་གཉག་ལ་སོགས་པ་རྣམས་ལས་གསན་ཏེ། དེ་ཐམས་ཅད་བླ་མ་ཆེན་པོ་དངོས་ཀྱི་སློབ་མ་ཡིན་ནོ།
།ལ་སོགས་པ་དུ་མ་ཞིག་གསན་ཅིང་ཐུགས་སུ་ཆུད་དོ། །གཞན་ཡང་སློབ་དཔོན་གཞན་དང་གཞན་རྣམས་ལས་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་མདོ་དང༌། བསྟན་བཅོས་ཀྱི་ཆ་དུ་མ་དང༌། གསང་སྔགས་ཀྱི་གཞུང་ཕྲན་ཚེགས་རྣམས་དང༌། མན་ངག་གི་བྱེ་བྲག་དཔག་ཏུ་མེད་པ་གསན་པའི་ཚུལ་རྣམས་ནི་བསྔོ་ཡིས་མི་ལང་བས་ཡི་གེར་མ་བྲིས་སོ།། །།འདིའི་མཛད་པ་ཕྲིན་ལས་ནི། སྤྱིར་བདག་ཅག་གི་བློའི་ཡུལ་ལས་འདས་པ་ཞིག་གོ །འོན་ཀྱང་གཙོ་བོར་སྒྲུབ་པ་ཉིད་ལ་ཐུགས་གཞོལ་བའི་རིམ་པ་གཉིས་ལ་བརྟན་པ་ཆེན་པོ་ཐོབ་པའི་ངེས་པའི་ཤེས་པ་སྐྱེས་ལ། དེ་ནས་བཤད་པ་མཛད་པ་ནི། གཞུང་ཇི་ལྟར་དཀའ་ཞིང་སྔར་མ་འདྲིས་པ་ཡིན་དུ་ཟིན་ཀྱང་སྔ་བལྟ་མི་མཛད་པར་གང་འཆད་ཀྱང་གཞུང་དང་དོན་གྱི་ཆ་ལ་ཐམས་ཅད་མཁྱེན་པའི་གསུང་གྀ་རྣམ་པར་ཐར་པ་བཞིན་ནོ། །དེའི་ཕྱིར་སློབ་མ་དམ་པའང་མང་དུ་བསྐྲུན་པར་གྱུར་ཏོ། །གཞུང་རྩོམ་པ་ལ་ནི་ཕུལ་དུ་ཕྱིན་པ་ཞིག་སྟེ། འདིའི་རྩོམ་པ་མཐའ་དག་རིམ་གྱིས་བརྗོད་བདེ་ཞིང་གཞན་གྱིས་རྟོགས་པར་སླ་ལ་གཉིས་ཀ་ལ་རྣ་བར་སྙན་པ་ཁོ་ན་འབྱུང་བ་ཞིག་སྟེ། འཕགས་པ་འཇམ་དཔལ་དང༌། རྗེ་བཙུན་མི་གཡོ་བ་དང༌། ཀྱེ་རྡོ་རྗེའི་དྷཎྜ་ཀ་ལ་སོགས་པའི་བསྟོད་པ་རྣམས་ཀྱི་ཚིག་དང་དོན་དང་རྒྱན་ལ་སོགས་པའི་སྙན་དངགས་ནི་སྡེབ་སྦྱོར་བྱེད་པ་གཞན་ལ་མ་མཐོང་ལ། བསྟན་བཅོས་ཆེན་པོ་མཛད་པ་རྣམས་ཀྱང་གང་ཟག་གི་བློ་དང་བསྟུན་ནས་སྡེབ་སྦྱོར་གཙོ་བོར་མི་མཛད་པར་ཕན་པ་ཉིད་ལྷུར་མཛད་མོད་ཀྱི་འོན་ཀྱང་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་མཛད་པ་ཞིག་གོ །དེས་བསྟན་བཅོས་ཇི་སྲིད་མཛད་པ་ཡང་མཐའ་ཡས་པའི་ཕྱིར་འདིར་མ་བྲིས་སོ། །ཡང་གཞན་གྱིས་བརྩད་ཅིང་དྲིས་པ་ན། ཆོས་དང་མཐུན་པར་ལན་འདེབས་པ་ནི་སྤོབས་པ་ཐོགས་པ་མི་མངའ་བར་རིགས་པ་དང་ལུང་གི་ཕ་རོལ་གྱི་ལོག་པར་རྟོག་པ་སེལ་བ་ནི། རྟོག་གེ་བ་ཆེན་པོ་སྒྲའི་ཆ་ལ་མ་རྨོངས་པ་དག་ཀྱང་བ་སྤུ་ལྡང་བ་ཞིག་གོ །ངོ་མཚར་བའི་ཁྱད་པར་ཐོབ་པ་ཡང་ཡི་དམ་གྱི་ལྷས་བྱིན་གྱིས་བརླབས་པ་དང༌། བསམས་ན་