R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༣༧
[A:༣༧]ཏེ། བསླབ་པར་བྱ་བའི་ཕྱོགས་ཕྲ་བའི་ཕྲ་བ་ལ་ཡང་བྱིས་པ་ཉིད་ནས་སྤྱན་གྱི་འབྲས་བུ་བཞིན་འཚོ་བ་ཞིག་གོ །དགུང་ལོ་བཅུ་བཞེས་པ་ན་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལ་སོགས་པ་དུ་མ་དང༌། གསང་སྔགས་ཀྱི་སྒྲུབ་པའི་ཐབས་ཆེན་པོ་མཚོ་སྐྱེས་ལ་སོགས་པའི་གཞུང་དོན་དུ་བཅས་པ་མཁྱེན་ནས་དགུང་ལོ་བཅུ་གཅིག་བཞེས་པའི་ཚེ། རང་གི་སློབ་དཔོན་རྣམས་ཀྱིས་གཙོ་བྱས་པའི་མཁས་པ་རྣམས་ཀྱིས་ཞུས་པའི་ངོར་གཞུང་དང་དོན་དུ་བཅས་པ་ཐུགས་ལས་གསུངས་པས། ཚོགས་པ་ཐམས་ཅད་ངོ་མཚར་སྐྱེས་ནས་བློ་གྲོས་ཆེན་པོ་ཞེས་བྱ་བར་བཏགས་ཞེས་ཐོས་སོ། །དེ་ནས་དགུང་ལོ་བཅུུ་གཉིས་བཞེས་པ་ན། ཐོ་རངས་ཀྱི་ཆ་ལ་བཅོམ་ལྡན་འདས་དགེས་པ་རྡོ་རྗེ་རྒྱུད་གསུམ་གྱི་པུུ་སྟི་གསོལ་བའི་མནལ་ལམ་བྱུང་བ་དང༌། དེ་ཉིད་ཀྱི་ཚེ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་གྱུར་ཏོ། །དེའི་ཚེ་རྩ་བའི་རྒྱུད་བརྟག་པ་གཉིས་པ་གསུང་བར་བཞེད་པ་ན་བླ་མ་ས་སྐྱ་པ་ཆེན་པོ་སྐུ་གཤེགས། དེའི་འདད་ལ་ཕྱོགས་རིས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་སྤྱན་དྲངས་ནས་དུས་གསུམ་ཁེགས་སོ་ཞེས་ཟེར་བའི་ཆོས་འཁོར་དང་སྦྱིན་གཏོང་རྒྱ་ཆེན་པོ་མཛད་པའི་དུས་སུ་རང་གི་སློབ་དཔོན་དུ་གྱུར་པ་གཉན་དང་ཞང་ལ་སོགས་པ་དག་གིས་གཙོ་བྱས་པའི་མཁས་པ་རྣམས་ཀྱིས་ཞུ་བ་ཕུལ་བའི་ངོར་བརྟག་པ་གཉིས་པ་ཐུགས་ལས་གསུངས་པས་ཐམས་ཅད་ངོ་མཚར་སྐྱེས་ཏེ་འགའ་ཞིག་གིས་ནི་སྤྲུལ་པ་ཞིག་ཡིན་ངེས་ཀྱི་སོ་སོ་སྐྱེ་བོ་ལ་འདིའི་བློ་གྲོས་འོང་མི་སྲིད་ཅེས་ཟེར། འགའ་ཞིག་བླ་མ་ས་སྐྱ་པ་ཆེན་པོ་ཉིད་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པས་དེས་རྒྱུད་བྱིན་གྱིས་བརླབས་པའོ་ཞེས་ཟེར། འགའ་ཞིག་བླ་མ་ས་སྐྱ་པ་ཆེན་པོ་དེས་འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་པའི་བྱིན་རླབས་ཀྱི་རྒྱུན་ཡིན་ངེས་ཞེས་ཟེར། མདོར་ན་སོ་སོའི་སྐྱེ་བོ་རང་རྒྱུད་པ་ལ་དེ་ལྟ་བུའི་རྣམ་པར་ཐར་