R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༥༤
[A:༥༤]དཔོན་རིན་པོ་ཆེས་མཛོད་བཤད་པའི་དུས་སུ་ལོ་བརྒྱ་སོ་དྲུག་བསྣན། དེ་ནས་ཆུ་ཕོ་འབྲུག་གི་ལོ་ལ་ཅོག་རོ་ཤེས་རབ་འབྱུང་གནས་ཀྱིས་མངོན་པར་བྱང་ཆུབ་པའི་རྒྱུད་བཤད་པའི་དུས་སུ་ལོ་བཅོ་ལྔ་བསྣན། དེ་ནས་ཤིང་མོ་ཡོས་ཀྱི་ལོ་ལ་བ་རི་ཆོས་ཀྱི་གྲགས་པས་འབུམ་ཊཱིཀ་བཤད་པའི་དུས་སུ་ལོ་ཉི་ཤུ་རྩ་གསུམ་བསྣན། དེ་ནས་ས་ཕོ་འབྲུག་གི་ལོ་ལ་བཙུན་པ་ཚུལ་ཁྲིམས་འབྱུང་གནས་ཀྱིས་སྟོད་ལུང་དུ་སྤྱོད་འཇུག་བཤད་པའི་དུས་སུ་ལོ་བཅུ་གསུམ་བསྣན། དེ་ནས་པཎྞི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བསམ་ཡས་འོན་ཅང་རྡོར་གཤེགས་པའི་དུས་སུ་དབུ་ཚལ་དགའ་ལྡན་བྱང་ཆུབ་སྒྲོན་གྱི་གཙུག་ལག་ཁང་དུ་བརྩིས་པའི་དུས་སུ་ལོ་སོ་བརྒྱད་བསྣན། དེ་རྣམས་དྲིལ་བས་ལོ་སུམ་སྟོང་ཆིག་བརྒྱ་དགུ་བཅུ་རྩ་ལྔ་ལོན་ནོ།
།ལྡཻ་བཙན་གྱིས་བརྩིས་པ་ནི་མཐུན། མང་ཡུལ་ནས་བནྡེ་ཆོས་ཀྱི་བློ་གྲོས་ཀྱིས་བརྩིས་པ་མན་ཆད་མ་མཐུན་པ་གཞུང་སྔ་མ་བཙན་པར་བྱས་སོ། །དེ་ནས་སྟོད་དུ་མངའ་བདག་འོད་ལྡཻ་བཙན་གྱིས་བཙན་པོ་ཁྲི་བཀྲ་ཤིས་ལྡེ་ཕྱག་ནས་སྤྱན་དྲངས་པའི་ཚེ། སྟོད་ཀྱི་ཆོས་ཉན་པས་ར་ས་འཛིམ་དུ་བརྩིས་པ་ན་ལོ་སུམ་སྟོང་ཆིག་བརྒྱ་དགུ་བཅུ་ཐམ་པ་ལོན་ནོ། །དེ་ནས་ས་མོ་གླང་གི་ལོ་ལ་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་འདས་ཏེ། ལྕགས་ཕོ་སྟག་གི་ལོ་ལ་འདུ་བ་ཆེན་པོ་བྱས་པའི་དུས་སུ་བརྩིས་པ་ན་ལོ་སུམ་སྟོང་ཉིས་བརྒྱ་བཞི་བཅུ་རྩ་གསུམ་ལོན་ནོ། །དེ་ནས་མེ་མོ་ཕག་གི་མཇུག་ལ་གུང་ཐང་ན་ལ་རྩེ་གནས་པོ་ཆེའི་གཙུག་ལག་ཁང་དུ་དཔལ་ས་སྐྱ་པ་ཆེན་པོའི་སྲས་ཀྱི་ཐུ་བོ་མི་འཕྲོགས་པའི་བློ་གྲོས་ཅན་མཁས་པ་ཆེན་པོ་བསོད་ནམས་རྩེ་མོ་ཞེས་བྱ་བས་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་མཛད་དེ། དེའི་དུས་སུ་ཕག་གི་ལོ་འདི་ཡར་བཅད་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་སུམ་བརྒྱ་ཐམ་པ་ལོན་ནོ། །གཞན་ཞིག་འདི་བས་ལོ་གསུམ་གྱི་མང་བར་བརྩི་བ་ནི་ལོའི་མིང་མི་མཐུན་པས་མགོ་འཁྲུགས་པ་ཡིན་པས་མ་དག་པར་ཤེས་པར་བྱའོ། །དེ་ནས་གཙང་ལ་སྟོད་གྲོམ་པ་ས་སྐྱའི་དགོན་པར་ཆོས་ཀྱི་རྗེ་རྗེ་བཙུན་ཆེན་པོ་བདེ་བ་ཅན་དུ་གཤེགས་པའི་དུས་སུ། མེ་ཕོ་བྱི་བའི་ལོ་ལ་ཕྱོགས་ཀྱི་མཁས་པ་རྣམས་སྤྱན་དྲངས་ནས་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར། བཤད་པ་དང་འབེལ་གཏམ་གྱི་གྲྭ་ཆེན་པོ་