R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༥༥
[A:༥༥]ནི་བཙུགས། སྡེ་སྣོད་མཐའ་དག་གཏན་ལ་འབེབས་པའི་དགའ་སྟོན་ཆེན་པོ་མཛད་པའི་ཚེ། མེ་ཕོ་བྱི་བའི་ལོ་རྒྱལ་གྱི་ཟླ་བའི་ཚེས་བཅོ་ལྔ་ལ་གསོ་སྦྱོང་བྱས་པའི་དུས་སུ། དགེ་སློང་སྟོང་ཕྲག་ལྷག་ཅིག་ཚོགས་པའི་དུས་སུ། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས་དུས་བཟངས་ཀྱི་མདོ་དང༌། སོ་སོར་ཐར་པའི་མདོ་ཤིན་ཏུ་དག་པར་བཏོན་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱི་དོར་བྱས་པའི་དུས་སུ་བརྩིས་པ་ན་མེ་ཕོ་བྱི་བའི་ལོ་འདི་ཡན་ཆད་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་སུམ་བརྒྱ་ལྔ་བཅུ་ཐམ་པ་ལོན་ནོ། །སླན་ཆད་ཀྱང་ཤེས་ལྡན་རྣམས་ཀྱིས་འདི་བཞིན་དུ་བརྩིས་ཤིག །དུས་འདི་ལ་རྒྱ་གར་ན་ཉན་ཐོས་སེནྡྷ་པ་རྣམས་དུས་བརྗོད་པའི་ཚེ་མྱ་ངན་ལས་འདས་ནས་ལོ་འདི་སོང་བརྩི་བ་ཅིག་ཡོད། དེའི་ལུགས་ལ་ལོ་སྟོང་ཕྲག་གཅིག་དང་བདུན་བརྒྱ་དང་ལྔ་བཅུ་ལྷག་ཅིག་ལོན་ཟེར་བ་དེ་ནི། མ་ག་དྷའི་བྱང་ཆུབ་ཆེན་པོའི་སྐུ་གཟུགས་དེ་སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོས་མཛད་པར་བཞེད་ནས་ཙནྡན་གྱི་ལྡེ་གུ་སྤུངས་པ་ན། རང་བྱུང་དུ་བྱུང་བའི་དུས་དེ་ནས་བཟུང་ནས་ལོ་ཚིགས་ལ་འཁྲུལ་ནས་མྱ་ངན་ལས་འདས་ནས་ལོ་འདི་སོང་ཞེས་བརྩིས་ལ། དེའི་རྗེས་སུ་འབྲངས་ནས་དེང་སང་རྒྱ་གར་གྱི་པཎྜི་ཏ་ཕལ་ཆེར་ཡང་དེ་ལྟར་ཟེར་ལ། ཁ་ཆེ་པཎྜི་ཏ་ཆེན་པོ་སྡོམ་བརྩོན་བསོད་སྙོམས་པའི་ཞལ་སྔ་ནས་ཀྱི་དཔལ་ས་སྐྱར་ལྕགས་ཕོ་རྟའི་ལོ་ལ་དབྱར་གནས་པའི་ཚེ་བརྩིས་པས་མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་གཅིག་དང་བདུན་བརྒྱ་ལྔ་བཅུ་རྩ་གསུམ་སོང་ལ། དེ་སླན་ཆད་སངས་རྒྱས་ཀྱི་བསྟན་པ་ལོ་སུམ་སྟོང་ཉིས་བརྒྱ་དང་བཞི་བཅུ་ཞེ་དྲུག་གནས་སོ་ཞེས་པ་ཡང་ཉན་ཐོས་སེནྡྷ་པ་སྔོན་དུ་སྒྲོགས་པའི་གཏམ་རྒྱུད་ལ་བརྟེན་ནས་རང་གི་རྟོག་དཔྱོད་མ་མཛད་པར་ཟད་པས་འདི་ལ་ཡིད་བརྟན་པར་མི་བྱའོ། །དེ་དག་མི་འཐད་པའི་ཚུལ་ཆོས་རྗེ་ས་སྐྱ་པ་ཉིད་ཀྱི་ཞལ་སྔ་ནས་འདི་སྐད་གསུངས་ཏེ། སངས་རྒྱས་མྱ་ངན་