R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༤༦
[A:༤༦]ཡང་འགའ་ཞིག་ཡོད་པས་ཁྱེད་བཏང་སྙོམས་སུ་མཛོད་ཅེས་བྱ་བ་ལ་སོགས་པ་རྣམ་གྲངས་དུ་མའི་སྒོ་ནས་བཟློག །ཡང་ཟླ་བ་འགའ་འདས་པ་ན་དེ་བཞིན་དུ་བཀོད་པ་རྒྱ་ཆེན་པོས་སྤྱན་འདྲེན་པ་ཡིན་ཞེས་སྔ་མ་བཞིན་རྒྱས་པར་ཞུ་བ་ན། སྔ་མ་བཞིན་བཟློག་གོ་གསུང༌། དེ་ནས་ཞག་བཅུ་བདུན་འདས་པ་ན་ཅི་ནས་ཀྱང་བདེ་བ་ཅན་དུ་གཤེགས་སོ་ཞེས་སྨྲ་ཞིང་བཀོད་པ་དག་ཀྱང་སྟོན་པར་བྱེད་པ་ན། བདེ་བ་ཅན་གྱི་བཀོད་པ་དག་ཀྱང་རྒྱ་ཆེན་པོར་གཟིགས་ཤིང་མངོན་སུམ་དུ་གྱུར་ཏོ། །དེའི་ཚེ་འཇིག་རྟེན་པ་རྣམས་ཀྱིས་མངོན་སུམ་དུ་མཐོང་བས་ས་གཡོ་བ་དང༌། ཕྱོགས་ཀུན་ཏུ་སྒྲ་ཆེན་པོ་ཡང་ནས་ཡང་དུ་གྲག་པར་གྱུར་ཏོ། །འོད་ཀྱི་ཕུང་པོ་ཡང་ཕྱོགས་ཀུན་ཏུ་འཕྲོ་བར་སྣང་ངོ༌། །དེ་ནས་ཞག་བཅུ་བདུན་ལ་བབ་པའི་ཚེ། བྱི་བའི་ལོ་ཁྲའི་ཟླ་བ་ཡར་ངོའི་ཚེས་བཅུ་གཉིས་ཀྱི་སྲོད་ཀྱི་དུས་སུ་ཕྱི་རོལ་ན་འཁོད་པའི་སྐྱེ་བོ་འགའ་ཞིག་གིས་ཀྱང་སྤྱན་འདྲེན་པའི་ལྷ་ཚོགས་དཔག་ཏུ་མེད་པ་མཐོང་ཞེས་ཐོས་ལ། ཞབས་དྲུང་ན་བཞུགས་པ་འགའ་ཞིག་ལ་ཡང་དེ་ལྟ་བུའི་སྣང་བ་ཤར་བར་གྱུར་ཏོ། །ཡང་ཐོ་རངས་ཀྱི་ཆ་ལ་ཞབས་དྲུང་ན་ཙོག་ཙོག་པོར་འདུག་ནས་གསོལ་བ་བཏབ་པས་ཅུང་ཟད་གཉིད་པའི་ཚེ་བདེ་བ་ཅན་ནས་འོང་ཟེར་བའི་ལྷ་ཚོགས་དཔག་ཏུ་མེད་པ་ནམ་མཁའི་གཏོས་ཁྱབ་པའི་གདུགས་ཆེན་པོ་རིན་པོ་ཆེའི་དྲ་བ་དང༌། དྲ་བ་ཕྱེད་པ་སྣ་ཚོགས་འཕྱང་བཞིན་པས་ཀུན་ནས་བསྐོར་བ་རིན་པོ་ཆེའི་སེང་གེའི་ཁྲི་ཀུན་ནས་བརྗིད་ཅིང་མཛེས་པ་རྒྱ་ཆེ་བ་རིན་པོ་ཆེའི་རྒྱན་དང་མེ་ཏོག་ཆུན་བུ་དུ་མ་ནམ་མཁའ་ལ་གཏོར་ཅིང་འབབ་པ་དང༌། ལྡིང་བ་དང༌། རོལ་མོའི་བཀོད་པ་དཔག་ཏུ་མེད་པ། སྔོན་ཆད་བློ་ཡུལ་དུ་མ་བྱུང་བའི་བཀོད་པ་ཆེན་པོ་དང༌། གཞན་ཡང་དྲི་དང༌། ཕྲེང་བ་དང་རྒྱལ་མཚན་ལ་སོགས་པ་དུ་མ་དང་བཅས་པས་ཆོས་ཀྱི་རྗེ་ཆེན་པོ་བདེ་བ་ཅན་དུ་སྤྱན་འདྲེན་ཞེས་ཟེར་བ་ལ། རྨི་ལམ་རྨི་བ་པོ་དེས་གསོལ་བ་བཏབ་ཅིང་བཟློག་པ་ན། རེ་ཞིག་མི་སྨྲ་བའི་ཚུལ་