R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༤༤
[A:༤༤]བར་ལུང་བསྟན་པ་དང༌། ཡང་རྗེ་ས་སྐྱ་པ་ཆེན་པོ་ཡབ་སྲས་ཀྱིས་ཁོ་བོས་ཁྱོད་ལ་ལམ་གྱི་རྒྱུས་བསྟན་ཏོ་ཞེས་གསུངས་ནས། དབང་བཞི་པའི་ལམ་ཐུགས་སུ་ཆུད་དེ། ཉིད་ཀྱིས་སློབ་མ་རྣམས་ལ་ཁོ་བོའི་རྗེ་བཙུན་ཆེན་པོ་ས་སྐྱ་པས་སྟག་བྱང་ཆུབ་སེམས་དཔའ་ལ་བསྟན་པའི་ལམ་གྱི་རྒྱུས་ངས་ལེགས་པར་ཤེས་པས་ཁྱེད་འགྲོ་བ་ཡོད་ན་བསྟན། ང་རེ་ཞིག་བྱང་ཆུབ་སེམས་དཔའ་ཞུ་བྱས་ཀྱི་ལམ་ལ་འགྲོ་ཞེས་གསུངས་ནས་འཁོར་ཚོམ་བུ་གཅིག་དང་བཅས་ཏེ་གཤེགས་པ་དང༌། ཡང་རྗེ་ས་སྐྱ་པ་ཆེན་པོ་ཉིད་ཀྱིས་བུུ་ངས་ཆོས་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་བསྡུས་ན་འདི་ཡིན་པས་ལེགས་པར་ཉོན་ཅིག །བྱང་ཆུབ་སེམས་ཀྱི་བདག་ཉིད་དངོས། །དང་པོ་ཆོས་ཉིད་གདན་དུ་བྱ། །འབྱུང་བ་རླུང་ལ་སྤར་འཛིན་བྱ། །གཏུམ་མོའི་མེ་དྲོད་རབ་ཏུ་བསྐྱེད། །བྱང་སེམས་ཆུ་རྒྱུན་དབུ་མར་གཞུག །ས་སོགས་འབྱུང་བ་དབང་དུ་སྡུད། །ཡེ་ཤེས་ལྔ་ནི་མངོན་གྱུར་ནས། །འཆི་བ་མེད་པའི་གནས་ཐོབ་བོ། །ཞེས་གསུངས་པ་དང༌། ཕྱི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་ཐུགས་སུ་ཆུད་པ་དང༌། ཡང་མཁའ་འགྲོ་མ་འགའ་ཞིག་མཁའ་སྤྱོད་དུ་སྤྱན་འདྲེན་པ་ཡིན་ཞེས་ཞུ་བ་ན་ཕྱིར་བཟློག་པས་ནང་གི་བར་ཆད་ཀྱི་འགྲོ་ལྡོག་གི་དམིགས་ཕྱེད་པ་དང༌། གཞན་ཡང་རྨི་ལམ་ན་ཆོས་ཀྱི་སྒོ་དུ་མ་གཏན་ལ་ཕབ་ཅིང་རྒྱུ་འབྲས་ཀྱི་འགྲོ་ལྡོག་ལ་ཐེ་ཚོམ་བཅད་པ་དང༌། ལྷ་དང་ཀླུ་ལ་སོགས་པས་ཐེ་ཚོམ་དྲིས་པ་དག་ཇི་ལྟ་བ་བཞིན་ཐེ་ཚོམ་སེལ་ནུས་པ་དང༌། ལྷ་དང་ཀླུ་ལ་སོགས་པ་དགོས་པ་ཁྱད་པར་ཅན་བྱུང་བའི་ཚེ་ཇི་ལྟར་བསྒོ་བ་གུས་པས་ཉན་པ་དང༌། ཤིན་ཏུ་ལྐོག་ཏུ་གྱུར་པ་གོ་བར་མ་ནུས་པ་དག་གུས་པས་ཞུས་ན་ཐེ་ཚོམ་གྱི་དྲ་བ་གཏན་ནས་སེལ་བ་དང༌། ཉིད་ཀྱིས་ཀྱང་རྟོགས་པར་དཀའ་བས་འགའ་ཞིག་དགོས་པ་ཁྱད་པར་ཅན་མཐོང་བའི་ཚེ། མཆོད་པའི་ཁྱད་པར་དང་བཅས་པས་གསོལ་བ་བཏབ་ནས་ཞུས་ན་རྣལ་འབྱོར་གྱི་དབང་ཕྱུག་ཉིད་ཀྱིས་དངོས་