R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༦༢༧
[A:༦༢༧]རྒྱུད་སྡེ་ནས་གསུངས་པའི་གནས་སུ་འཆད་པར་གྱིས་ཤིག་གསུངས་བྱུང་བ་དང་གཉིད་སད་བྱུང་བས་དེ་ལྟ་བུའི་བླ་མ་དང་མཇལ་གསུང་གི་བདུད་རྩི་ཟབ་མོ་ཐོས་པའི་དུས་ཀྱང་བྱས་སྙམ་མཆི་མ་མང་དུ་ཤོར་ཚེ་རབས་ཀུན་ཏུ་གདུལ་བྱའི་ཞིང་ཁམས་སུ་སྐྱེ་བ། དེ་ནས་ཀྱང་རྗེས་སུ་འཛིན་པ་ཞིག་སྙམ་པའི་གསོལ་བ་ཕུར་ཚུགས་སུ་བཏབ་ཅེས་དང༌། དེ་ཉིད་ལས། འདར་དུ་གསུང་ངག་བཤད་སྐབས་དེ་དུས་ཟླ་བ་གསུམ་ཙམ་སོང་བའི་བསྐྱེད་རིམ་གྱིས་མངལ་འབྱིན་པའི་དམིགས་པ་གལ་གནང་ཤིན་ཏུ་ཆེ་བ་ཞིག་གི་དུས་སུ་ཐེ་ཚོམ་ཅུང་ཟད་ཡོད་པ་ཞིག་བྱུང་བ་དེ་དེ་ནུབ་ཐོ་རངས་ཁའི་དུས་སུ་རྨི་ལམ་ན་ཞབས་དྲུང་རྗེས་ཞུ་སྣ་མཛད་རྗེ་བཙུན་ཚར་ཆེན་དང་སྔོན་གྱི་གཞི་བསྙེན་སྐབས་སུ་ཕེབས་པའི་བླ་མ་ཡབ་སྲས་རྣམས་ཞལ་འཛུམ་ལྟ་བར་མི་བཟོད་པ་ལྟ་བུའི་དགེས་པའི་རྣམ་འགྱུར་ཇི་སྙེད་གནང༌། དེ་ནས་སྔོན་གྱི་བླ་མ་ཉིད་ཀྱིས་སྐད་ཅིག་ལ་སྤྱན་ནམ་མཁའ་གཟིགས་པ་དང་དཔའ་བོ་དང་མཁའ་འགྲོ་ཡིན་ཞུ་བས་ཆར་སྤྲིན་ལྷགས་པ་ལྟར་བྱས་འཇའ་ཚོན་ལྷམ་མེ་བ་ཞིག་བྱས་སོ། །དེ་ནས་བདག་གི་དོགས་པ་ཕྲན་བུ་འདི་སེལ་བ་ཞིག་ཞུ་སྙམ་པ་ན། ཨེ་མ་ལེགས་པའི་ལམ་ལ་ལེགས་སོ་ཞེས། །དེ་ག་ཡིན་པས་བཀའ་སྩལ་མི་དགོས་ཏེ། །ལོགས་སུ་ཡོད་པའི་འབྲས་བུ་ཏིལ་ཙམ་མེད། །བློ་གྲོས་ལྡན་པ་ཁྱོད་ལ་ཅི་ཞིག་དགོས། །གསུང་བ་ཞྀག་གཉིད་ཁོངས་སུ་ཟིན། དེ་ནས་མེ་ལོང་ལ་ཧས་བཏབ་པ་ལྟར་ཡལ་བ་དང་གཉིད་སད། ཨེ་མ་ངས་འདི་ལྟ་བུའི་ལམ་ཚང་ལ་མ་ནོར་བ་ཐོས་ནས་ལན་བསྐྱལ་བ་ལྟ་བུ་ལའང་ཐུགས་དགྱེས་དགྱེས་གནང་བ་ནི་བསྟན་པ་ཉམས་དམའ་བར་འདུག་སྙམ་པའི་བློ་ལ་འཁུ་འཕྲིག་ཆེན་པོ་དང་དད་པའི་དཔའ་འབར་བའི་དགའ་སྤྲོ་དང༌། སྙིང་ཆུ་མིག་