R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༥༨༣
[A:༥༨༣]འདི་བསྟན་ཚེ། །མཐའ་ཡས་ཆོས་ཀྱི་རང་ཞལ་རྗེན་པར་མཐོང༌། །ཞེས་གསུངས། གཞན་ཡང་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་དང་རྟ་པོད་ཀྱི་ལུང་རྫོགས་པར་གནང༌། རིམ་གྱིས་ཤངས་མདའི་རྡོ་རྗེ་སྒྲུབ་ཕུག་ཏུ་གནས་འབྲེལ་ཞག་གསུམ་མཛད་པའི་ནུབ་ཅིག་གཟུགས་མེད་པའི་སྐད་ཅིག་ལ་ཟབ་བུར་སོང་ཨྱོན་རིན་པོ་ཆེ་བཞུགས་ཡོད་ཟེར་བ་ཞིག་བྱུང་བས་རྐྱེན་བྱས། རྗེ་བླ་མ་ཟབ་བུ་ཕྱོགས་ལ་ཕེབས་པའི་མེ་ཚོར་དུ་ཞག་གཉིས་བཞུགས་པའི་ནུབ་ཁྱེའུ་གཞོན་ནུ་སྔགས་ཆས་ཅན་ཞིག་གིས་སྔར་གསན་པ་དང་མ་གསན་པའི་ཆོས་ཀྱི་རྣམ་གྲངས་སོ་སོར་དབྱེ་ཞིང༌། མ་ཐོབ་པ་རྣམས་བྲག་ཕུག་འདིའི་ལྟག་ན་ཡོད་གསུང་དེ་ཨྱོན་རིན་པོ་ཆེའི་སྤྲུལ་པར་སྣང༌། རིམ་གྱིས་ཟབ་བུའི་གཟིམས་ཕུག་གི་སྐུ་བརྙན་བདེ་གཤེགས་འདུས་པའི་དྲུང་དུ་གཅིག་པུར་ཐུགས་དམ་མཛད་པའི་ཚེ་དཀོན་གཉེར་གྱི་བསམ་པར་བླ་མ་འདི་ཚོས་གཏེར་འདོན་ཟེར་ནས་གཟུངས་བཞུགས་མི་བླུག་པའི་ངེས་པ་མེད་སྙམ་སྒོ་དྲུང་ནས་རྫི་གསང་བལྟས་པས་སྐད་གདངས་ཡིད་དུ་འོང་བ་ཤིན་ཏུ་སྙན་པ་ཞིག་གིས་ཐོག་མར་གསུང་འཕྲོས་དང་དེའི་རྗེས་སུ་ཆོས་ལྷང་ལྷང་གསུང་བ་ཐོས་པས་མི་འགའ་རེ་ཡོད་དམ་སྙམ་ཐལ་གྱིས་ཡོངས་པ་ན་གཅིག་པུར་བཞུགས་འདུག་པས་དད་པ་ལྷག་པར་སྐྱེས་ཤིང་དེ་དུས་ཨྱོན་ཆེན་པོ་དངོས་སུ་ཞལ་གཟིགས་ནས་ཟབ་ཆོས་མང་པོ་གསུངས་པར་གདའ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་སོགས་ལ་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་དབང་དང་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སོགས་སྩལ། མཁྱེན་བརྩེའི་ཞབས་ཀྱིས་དྲུང་ཡིག་མཛད་ནས་བདེ་ཆེན་དག་