R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༥༤༨
[A:༥༤༨]སྟོང་གསུམ་ཁུ་སྒྲས་འགེངས་ཤིང་ཡོད་དོ་སྙམ། །རེས་འགའ་ལིང་པ་ཁྱི་ཁྲིད་མང་པོ་ཡིས། །རི་དྭགས་འདེད་ཅིང་བཤའ་བའི་དམར་མྱོག་དང༌། །གཞན་ཡང་སྟག་གཟིགས་དོམ་དྲེད་བྱ་འུག་སོགས། །རྒྱུག་འབྲལ་འཕུར་ལྡིང་བན་བུན་ཟ་ཟི་ཡིས། །ནམ་ལངས་བར་དུ་ཐུབ་པའི་འཁྲུལ་སྣང་བྱུང༌། །དེ་དག་ལེགས་པར་བསམས་ཚེ་ཕ་རྒོད་རྗེའི། །བསྟན་སྲུང་མཆོག་འདི་མངོན་སུམ་ཞལ་གཟིགས་ནས། །སྒོས་དགྲ་ཁ་ཁྱེར་ཁུར་ནས་ཟ་བ་སོགས། །འཇིགས་སུ་རུང་བའི་ལས་རྗེས་མངོན་དུ་བསྟན། །དེ་ཡི་རིག་འཛིན་རྣལ་འབྱོར་བདག་ཡིན་པས། །ད་དུང་འདི་ཡིས་དམ་ཉམས་མང་པོ་ལ། །དྲག་པོའི་ལས་སྦྱོར་འགྲུབ་པའི་ལྟས་སུ་གོ །དེ་ནས་ཤ་རའི་གྲུ་ལྕགས་ཐོན་པས། དེའི་གྲུ་ཤན་གྱི་རྟ་མགོའི་ངོས་ལ་རིན་སྤུངས་ནས་སྡེ་པའི་བཀའ་ཤོག་ལྕགས་ལེབ་ལ་གཟོང་རིས་བྲིས་པ་གསེར་ཆུས་བྱུགས་པ་ལ། གྲུ་ལྕགས་འདི་དགེ་རྒྱུན་ལ་བཙུགས་པ་དང༌། མཉན་པ་ལ་གཞིས་ཟུར་ན་བྱིན་ཡོད་པས། ཟ་འདོད་ཀྱི་གཙེར་བ་བྱུང་ན་ངོ་བསྲུངས་མེད་པའི་ཞུ་བས་སླེབ་པ་གྱིས། ཕྱིས་འདོམས་པའི་ཁྲིམས་ལུགས་བྱེད་ཟེར་བ་གཟེར་གྱིས་བསྡམས་ནས་བརྒྱབ་འདུག་ཅིང༌། མཉན་པ་དེ་རྣམས་ཀྱང་སྔ་གོང་དང་མི་འདྲ་བའི་ངོ་གནོང་པ་བྱས། ལྟོགས་འདོད་ཅུང་ཟད་བྱེད་འདོད་པའང་གནང་སྦྱིན་ཞུ་བ་ཡིན་ཟེར་བ་ལས་མི་འདུག་པས། གཞིས་ཀ་རིན་སྤུངས་པ་ཁྲིམས་དམ་ཟེར་བའི་སྙན་གྲགས་བདེན་པར་འདུག །རྒྱལ་པོ་ཁྲིམས་ལུགས་ཡོད་པའི་ས་ཕྱོགས་འདི་འདྲ་བ་ཞིག་ཡོང་བ་ཡིན། སྙོམས་ཆུང་ལམ་བདེ་བ། རྫས་ལྡན་བློ་བདེ་བ་སོགས་བསོད་ནམས་དཔག་མེད་འོང་བ་འདུག །ངོ་མཚར་སྙམ་པས་སྡེ་པ་