R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༡༣
[A:༣༡༣] ཁྱོད་ཀྱིས་མུན་ནག་ལ་མི་མཐོང་བ་དེ་སྦྱོར་དྲུག་མ་བསྒོམས་པའི་ལ་ཡོགས་ཡིན་མོད་གསུང༌། མགོ་ལ་ཐལ་ལྕག་གཅིག་སྐྱོན་བྱུང་བས། ལུས་སེམས་ཐམས་ཅད་ཞིག་པ་འདྲ་བའི་སྐྱི་བུང་བ་ཞིག་བྱུང༌། འདིས་མཚོན་འོད་གསལ་ལ་མངའ་བརྙེས་ལྐོག་གྱུར་ཐམས་ཅད་གསལ་བར་གཟིགས་པ་དུ་མ་ཞིག་གནང་ངོ༌། །སྐབས་ཤིག་དྲུང་ཆེན་སེར་པོ་བས། གསོལ་བའི་དུས་ཞལ་འཕྲོས་ཆེར་མ་ཞུས་པས། ཞག་འགའ་ན་ཁྱེད་དེང་སང་ང་ལ་ཁྲོས་ཡོད་པ་ལགས་སམ་ཞལ་འཕྲོས་ཀྱང་ཡེ་མི་མཛད་པ་གདའ་བ་གསུང༌། རྟབ་རྟབ་པོར་གྱུར་ནས་ཐུགས་དམ་ལ་སད་བྱུང་དོགས་ཞུ་མ་ནུས་པ་ལགས་ཞུས་པས། གོ་ལགས། སེམས་དཔའ་ཆེན་པོ་དཀོན་རྒྱན་གྱི་གསུང་ནས། བྱས་ཚད་དགེ་སྦྱོར་དུ་འགྲོ་བ་ཞིག་མ་གཏོགས་ཐུན་དང་ཐུན་མཚམས་ཀྱི་ངེས་པ་མེད་པ་ཞིག་བྱེད་དགོས་གསུང་བ་ཡིན་པར་གདའ་གསུང་སྟེ། དེ་ཁོ་ན་མངའ་བར་ཞལ་གྱིས་བཞེས་པ་ཡིན་ནོ། །ལུས་དཀྱིལ་གསལ་འདེབས་ཚུལ་གྱི་འཕྲོས་ཤིག་ལ་ཡེ་ཤེས་པ་བཅུག་པའི་ཚེ་ལུས་སེམས་ལ་བདེ་བ་ཁྱད་པར་ཅན་ཞིག་སྐྱེད། དེས་རྐྱེན་བྱས་གསལ་འདེབས་པ་ཡིན། ང་རང་ལ་ནི་དེ་ལྟར་ཡོང་གི་ཡོད། གཞན་རྣམས་ལ་ཇི་ལྟར་ཡོད་དམ་ཞེས་དང༌། ལམ་དུས་ཀྱི་དབང་བླང་བ་ན་དབང་གི་ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་གང་བར་བསྒོམས་པའི་ཚེ་དེར་བདེ་སྟོང་གི་ཉམས་བཟང་པོ་འབྱུང༌། དེ་བཞིན་དུ་གནས་སོ་སོར་འབྱུང་གསུང་སྟེ། མཚོན་བྱེད་དཔེའི་ཡེ་ཤེས་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཡེ་ཤེས་ཉིན་རེ་ལ་ཡང་གྲངས་མེད་པ་ཞིག་ཐུགས་ཉམས་སུ་མྱོང་བ་ཡིན་ནོ། །ཡང་བདག་བྱིས་པ་ལོ་དགུ་ཙམ་འགྲོ་བའི་དུས་བོ་དོང་བླ་བྲང་གི་བླ་མ་ལྷ་ཁང་དུ་གཏོར་སྒྲུབ་མཛད་པའི་གཏོར་འབུལ་