R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༨༧
[A:༢༨༧]དཔལ་བཟང་པོའི་ཞལ་སྔ་ནས་ལས། བླ་མའི་རྣལ་འབྱོར་ཐུན་མོང་བ་རྣལ་འབྱོར་དབང་ཕྱུག་བིརྺ་པའི་བསྟོད་པ་རྗེ་ས་སྐྱ་པ་ཆེན་པོ་དང༌། རྗེ་ས་པཎ་གྱིས་མཛད་པ། རྗེ་བཙུན་ས་པཎ་གྱི་བསྟོད་པ་ཆོས་རྒྱལ་མར་གྲགས་པ། འཕགས་པ་རིན་པོ་ཆེ་ལ་བསྟོད་པ་རྗེ་མུས་སྲད་པས་མཛད་པ། འཇམ་དཔལ་མཚན་བརྗོད། །སྒྲོལ་མ་ཕྱག་འཚལ་ཉེར་གཅིག་རྣམས་ཀྱི་ལུང་གསན། བདེ་བར་གཤེགས་པའི་གསུང་རབ་མཐའ་དག་རང་སྟོབས་ཀྱིས་འགྲེལ་པར་མཛད་པའི་མཁས་པ་ཆེན་པོ་དཔལ་ཤཱཀྱ་མཆོག་ལྡན་གྱི་དྲུང་དུ་མི་གཡོ་བ་དཀར་པོའི་རྗེས་སུ་གནང་བ། ཇོ་ནང་ཀུན་སྤངས་ཆེན་པོས་མཛད་པའི་སྦྱོར་དྲུག་གི་སྔོན་འགྲོ་ཐོག་མཐའ་བར་དགེ་དང་བཅས་པའི་ཁྲིད་ཡིག་གི་ལུང་ཙམ་གསན་ལ། བོ་དོང་བདེ་བ་ཅན་གྱི་སློབ་དཔོན་མཁས་པ་ཆེན་པོ་ནམ་མཁའ་དཔལ་རིན་ལས་བོ་དོང་པའི་ལུགས་ཀྱི་དབང་དང་མན་ངག་ཅུང་ཟད་ནོས་ཤིང༌། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རིན་ཆེན་ཆོས་དར་ལས་ཁྲོས་ནག་ལྷ་ལྔའི་དབང༌། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་བཞི་སོགས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསུང་ངག་མ་ཎི་བཀའ་འབུམ་དུ་གྲགས་པ་སོགས་མན་ངག་འགའ་ཞིག་ནོས་སོ་ཞེས་ཐོས་སོ། །མདོར་ན་བདག་གི་བླ་མ་འདི་ནི་དམ་པའི་ཆོས་ཀྱིས་ནམ་ཡང་ཆོག་པར་མི་འཛིན་པས། དགུང་ལོ་དྲུག་པ་ནས་བཟུང་སྟེ། ཇི་སྲིད་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་གྱི་བར་དུ། མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་དེ་དག་དང༌། སྔ་མོ་དུས་བདག་ཆེན་བསོད་ནམས་རྒྱལ་མཚན་པ་ལས། ས་སྐྱའི་ཚོགས་ཆོས་སྡོམ་གསུམ་རབ་དབྱེའི་ཤོག་བུ་ཁ་ཡར་གྱི་ལུང་ཙམ་གསན་པའི་བར་གྱི་དགེ་བའི་བཤེས་གཉེན་ཉི་ཤུ་རྩ་ལྔ་པོ་དེ་དག་ལ། དད་པ་དང་གུས་པ་བླ་ན་མེད་པས་བསྟེན། རྙེད་པ་དང་བཀུར་སྟི་