R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༨༩
[A:༣༨༩]རེ་རེ་ལས། སྣམ་སྦྱར་དང༌། ཆོས་གོས་དང༌། བེར་ཐུལ་ལ་སོགས་པ་རང་རང་ལ་འོས་པའི་ན་བཟའ། སྙན་དར། དྲུང་ན་རྡོ་རྗེ་དྲིལ་བུ་ནང་མཆོད། ཞལ་དཀར་བདུན་ཆ་སོགས་མཆོད་པའི་ཡོ་བྱད་དང༌། གོས་འབོལ་གོས་སྙེལ་ཁ་གདན་དང་བཅས་པ་བརྗིད་ཅིང་ལྷུན་ཆགས་པ་ལ་བཞུགས་པའི་དྲུང་ན། སྤྱིའི་མཆོད་པ་ཕུལ་དུ་བྱུང་བ། མར་དཀར་གྱི་སྒྲོན་མེ་ཉིན་མཚན་དུ་འབར་བ་བདུན་ཕྲག་གཅིག་དང་བཅས་པ་འདི་བཞེངས་པ་ནས་བཟུང༌། ཡུལ་ཕྱོགས་འདིར་མི་ནད་དང་ཕྱུགས་ནད་མེད་ཅིང་ལོ་ཕྱུགས་ལེགས་པ་སོགས་བཀྲ་ཤིས་དང་དགེ་ལེགས་ཀྱི་མཚན་མ་ངོ་མཚར་བ་དུ་མ་ཞིག་བྱུང་བས། ཤེས་ལྡན་གཟུ་བོར་གནས་པ་ཐམས་ཅད་ཀྱི་མཆོད་པའི་གནས་དང༌། ཡི་རང་བའི་ཡུལ་དུ་བཞུགས་པ་འདི་ཡིན་ནོ། །སླར་ཡང་མེ་མོ་སྦྲུལ་ལོ་ལ། དབེན་ཤྲཱི་བྱང་ཆུབ་སེམས་དཔའ་རྒྱལ་བ་བཟང་པོའི་གདུང་བརྒྱུད་རྣམ་པར་དག་པ་ལས་འཁྲུངས་པའི་མཐོ་བཙུན་ཆོས་ཀྱི་རྗེ་སེམས་དཔའ་ཆེན་པོ་བསོད་ནམས་དཔལ་འབྱོར་བ་ལ་སོགས་པ་གཞིས་བྱེས་ཀྱི་དགེ་འདུན་རྡོ་རྗེ་འཛིན་པ་བརྒྱ་ཕྲག་གཅིག་གིས་ཆོ་གའི་ལག་ལེན་ཕྲ་རགས་ལ་ལེགས་པར་སྦྱངས་ཤིང༌། བདག་གི་རྗེ་བཙུན་དེ་ཉིད་ཀྱི་ཕྱག་ལེན་ཇི་ལྟ་བར་དབང་བསྐུར་བསྒྲུབས། རྡོ་རྗེ་སློབ་དཔོན་སོ་སོས་ཀྱང་དེ་དང་དེའི་གཞིའི་བསྙེན་པ་མཐར་ཕྱིན་པར་མཛད་དེ། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་བདག་མེད་ལྷ་མོ་བཅོ་ལྔ། དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ། གསང་བ་འདུས་པ་འཇམ་པའི་རྡོ་རྗེ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་པ། གཤིན་རྗེ་གཤེད་དམར་པོ་ལྷ་ལྔ། དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་