R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༥༡
[A:༣༥༡]ལྟར་དུ་ཕུབ་པ་དང་བཅས་པའི་གསེབ་ནས་ལྷའི་མེ་ཏོག་དཀར་པོ་ཁ་བ་ལྟ་བུར་ཟིམ་བུར་འབབ་པ་ཁྱད་པར་ཤར་ཕྱོགས་ན། འཇའ་སྣ་ལྔ་ལྡན་ཉི་ཁྱིམ་འདྲ་བ་ཞིག་གི་ནང་ན་འཇའ་དཀར་པོ་རལ་གྲི་འདྲ་བ་ཞིག་ཡུད་ཙམ་སྣང་བ་སྐྱེ་བོ་དེར་འདུས་པ་ཀུན་གྱིས་མཐོང༌། རྗེ་ཉིད་ནི་སྤྱན་ནམ་མཁའི་མཐོངས་སུ་གཟིགས་ཤིང་དད་གུས་ཀྱི་རྣམ་འགྱུར། སྤྱན་ཆབ་ཀྱང་ལྷུག་པར་གནང་གི་འདུག །རྗེས་སུ་བདག་གི་དེ་རིང་འཇའ་སྤྲིན་སོགས་གཞན་དང་ཡེ་མི་འདྲ་བ་ཞིག་གདའ། གཟིགས་སྣང་ཡང་མང་པོ་བྱུང་བ་འདྲ་ཞུས་པས། དྲི་རྟོག་ལ་དཔའ་གཟིགས་རྒྱུ་ཅི་བདོག །དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་མཆི་མ་ཤོར་བ་ཡིན། བབས་སུ་འདིའི་ཚེ་རྒྱལ་བ་སྲས་དང་བཅས་པས་ནམ་མཁའི་གཏོས་ཐམས་ཅད་གང་བར་བཞུགས་ནས། མེ་ཏོག་གི་ཆར་འབེབས་པར་སྒོམ་དགོས་པ་ཡིན་གསུངས་ཏེ། རྣམ་ཀུན་དོན་ཡོད་མཛད་པས་དུས་འདའ་ཞིང༌། །དངོས་ཀུན་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ། །དུས་ཀུན་བསྒྲིབ་མེད་གསལ་བར་གཟིགས་བཞིན་དུ། །འགྲོ་ཀུན་བརྩེ་བས་སྐྱོང་འདི་ངོ་མཚར་གནས། །ལོ་དེའི་ཟླ་བ་བརྒྱད་པ་ནས། ཕག་ལོ་ཟླ་བ་ལྔ་པའི་བར་དུ། སྡེ་སྣོད་དང་རྒྱུད་སྡེ་རབ་འབྱམས་ལ་མཁྱེན་པའི་སྤྱན་ཡངས་མཁན་ཆེན་ནམ་མཁའ་དབང་ཕྱུག་པ་དཔོན་སློབ་དབུས་ཕྱོགས་ནས་ཆེད་དུ་ཞབས་བསྟད་དེ་བྱོན་ནས་གསོལ་བ་བཏབ་པའི་ངོར། བདག་ཅག་ལ་སོགས་པ་མང་པོ་ལ་དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་སྔོན་དུ་འགྲོ་བ་ཅན་གྱི་ཟབ་ལམ་ཡན་ལག་དྲུག་པའི་ཁྲིད་ཡོངས་སུ་རྫོགས་པ་ཟླ་བ་བཞི་ལ་རྫོགས་པའི་ཉམས་ཁྲིད་དང༌། སེམས་འགྲེལ་སྐོར་གསུམ་སྦྱོར་