[A:༢༤༥]འགའ་གསལ་བར་བསྒྲགས་སོགས་བདག་བློ་བྱིས་པའི་སྐྱོན་གྱིས་ནོངས་གྱུར་དེ་དག་རྗེ་བཙུན་བླ་མ་དང༌། །གནས་གསུམ་མཁའ་འགྲོས་དབྱིངས་སུ་བཟོད་མཛོད་བརྩེ་བའི་ཐུགས་རྗེས་སླར་ཡང་དུས་ཀུན་འབྲལ་བ་མེད་པར་སྐྱོང་གྱུར་ཅིག །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །གང་གི་མཚན་ཡང་བགྲང་ཡས་བསྐལ་པའི་བར། །རྙེད་པར་དཀའ་བའི་རྗེ་བཙུན་ཆོས་ཀྱི་རྗེ། །ཀུན་སྤངས་ཆོས་རྗེའི་ཞབས་པད་བསྟེན་པར་ཤོག །ནོར་བུ་རྙེད་ནས་མཆིང་བུ་འདོར་བ་ལྟར། །ཐུན་མོང་ལམ་གཞན་དག་ཏུ་མི་གོལ་བར། །ལམ་གྱི་སྙིང་པོ་ཟབ་མོ་བླ་མའི་ལམ། །སྙིང་གི་དཀྱིལ་ནས་ཉམས་སུ་ལེན་པར་ཤོག །ལུས་དང་ལོངས་སྤྱོད་སྲོག་གི་འཚོ་བ་དང༌། །དུས་གསུམ་བསགས་པའི་དགེ་རྩ་ཇི་སྙེད་པ། །འཁོར་གསུམ་རྣམ་དག་རབ་འབྱམས་མཆོད་སྤྲིན་གྱིས། །དཔལ་ལྡན་བླ་མ་རྟག་ཏུ་མཆོད་པར་ཤོག །ཁྱད་པར་དེང་ནས་འཁོར་བ་མ་སྟོངས་བར། །རྗེ་བཙུན་གསུང་གི་བདུད་རྩིའི་ཟིལ་མངར་རྒྱུན། །ངོམ་པར་འཐུང་ནས་སྐལ་ལྡན་འགྲོ་འདི་རྣམས། །རྗེ་བཙུན་བླ་མའི་ས་ལ་འཁྲིད་པར་ཤོག །ཀུན་བཟང་དམ་པའི་འཛུམ་ཞལ་ལྟ་བྱེད་ཅིང༌། །གསང་ཆེན་ཆོས་ཀྱི་སྒྲ་དབྱངས་ཕྱོགས་བརྒྱར་སྒྲོག །རྗེ་བཙུན་བསྟན་པའི་ཉི་མར་བདག་གྱུར་ནས། །བྱང་ཕྱོགས་གདུལ་བྱའི་པད་ཚལ་སྐྱོང་བར་ཤོག །ཕྱོགས་འདིའི་ཐུབ་བསྟན་རི་བོའི་སྨན་ལྗོངས་སུ། །བློ་གསལ་ཁྲིམས་ལྡན་བྱེ་བའི་གནས་བཅས་ཏེ། །འགྲོ་འདིའི་དགེ་ལེགས་འཕེལ་བའི་དགའ་སྟོན་དུ། །ཟབ་དོན་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །གནས་སྐབས་སུ་