R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༠བ-༢༥༠
[A:༣༠བ-༢༥༠] ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ཉིད་ཀྱིས་རྟོགས་པ་མ་ལུས་པ་མངོན་གྱུར་ཏེ། དུས་ཞབས་སྙན་བརྒྱུད་ལས། ཀུན་ལ་དྲུག་དྲུག་ཤེས་བྱ་སྟེ། །རབ་ཀྱིས་དང་པོས་རྟོགས་པར་འགྱུར། །ཞེས་སོགས་ཀྱི་སྦས་དོན་ལ། རྣལ་འབྱོར་པ་དབང་པོ་ཡང་རབ་ལ་སོ་སོར་བསྡུད་པ་འབའ་ཞིག་གིས་ལམ་ཕྱི་མ་རྣམས་ཀྱི་ཡོན་ཏན་མངོན་དུ་འགྱུར་བ་འདུག་ཚུལ་གྱི་རྟོགས་པ་ཕུལ་བ་ན། བླ་མའི་གསུང་གིས། རྣལ་འབྱོར་པ་དབང་པོ་ཡང་རབ་ལ་དེ་ལྟར་ཤིན་ཏུ་ཡིན་གསུང་ཞིང། སོ་སོར་བསྡུད་པའི་སོར་བསྡུད་ནི། །ཞེས་སོགས་ཡན་ལག་དྲུག་པོ་རེ་ལའང་ཡན་ལག་དྲུག་པོ་རེ་ལའང་ཡན་ལག་དྲུག་དྲུག་རང་བཅས་སུ་ཚང་ཚུལ་དང། བུ་སློབ་མ་འདི་འདྲ་བྱུང་རྩ་ན། །ཟབ་ཡངས་ཀྱི་ཆོས་འཁོར་བསྐོར་སྙིང་འདོད། །ཞེས་སོགས་ཀྱི་གསུང་མགུར་ཡང་གནང། དེ་ནས་ཟླ་བ་དྲུག་གི་བར་དུ་མུན་ཁང་ཅིག་ལ་བཞུགས་ཏེ་སོ་སོར་བསྡུར་དང་བསམ་གཏན་བསྟེན་པའི་ཡན་ལག་སྐུ་རྡོ་རྗེའི་རྣལ་འབྱོར་དང། སྲོག་རྩོལ་དང་འཛིན་པ་ཉེ་བར་སྒྲུབ་པའི་ཡན་ལག་གསུང་རྡོ་རྗེའི་རྣལ་འབྱོར། རྗེས་དྲན་སྒྲུབ་པའི་ཡན་ལག་ཐུགས་རྗེའི་རྣལ་འབྱོར། ཏིང་ངེ་འཛིན་སྒྲུབ་པ་ཆེན་པོའི་ཡན་ལག་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཏེ་བསྙེན་སྒྲུབ་ཡན་ལག་བཞི་འམ། རྣལ་འབྱོར་ཡན་ལག་དྲུག་གི་ལམ་གྱི་རིམ་པ་རྣམས་རྫོགས་པར་གསན་ཞིང་ཐུགས་ཉམས་སུ་བཞེས་པས། སོ་སོར་བསྡུད་པས་