R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༩ན-༣༠༧
[A:༥༩ན-༣༠༧] ༄༅། །ཞལ་འདོན་མཛོད་ཕེབས་པའི་མོད་ལ་སྐུ་བདེ་བར་གྱུར། སླར་ཡང་སྔར་ཞལ་འདྲིས་མེད་རུང། སེང་གེ་རྩེ་པའི་བདག་མོ་བསྟན་འཛིན་རྒྱལ་མོ་ལ། སྣང་བ་དབང་བསྡུད་ཀྱི་དར་དམར་པོ་ཁ་ཡོངས་སུ་གང་བ་ལ་རྡོ་རྗེའི་དམ་ཚིག་གི་མདུད་པས་རྒྱས་བཏབ་པའི་རྟེན་དང་བཅས། དབོན་པོ་བསོད་ནམས་ཚེ་དབང་པ་དཔོན་སློབ་ཐེགས་པ། ཤབ་སྟོད་སེང་གེ་རྩེར་མཇལ། བཀའ་ཡིག་རྟེན་བཅས་ཕུལ་བའི་དུས་དགྱེས་པ་ཆེན་པོས། ས་གནས་ཀྱི་སེམས་དཔའ་ཆེན་པོ་ཉིད་ཀྱི་དགོངས་པ་ཡོངས་སུ་སྐོང་བ། རང་ཉིད་བསོད་ནམས་ཀྱི་དཔལ་བླ་ན་མེད་པ་ལགས་མོད་ཅེས་གསུང། མེ་མོ་ཡོས་ཀྱི་དབྱར་གནས་ཀྱི་ཞབས་འདེགས་གནང་བ་ལ་ཐེ་ཚོམ་མེད་པའི་ཞལ་བཞེས་མཛད། ཡོས་ལོ་ཤར་དུས་དབོན་པོ་པ་་དཔོན་སློབ། སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་དོན་ཡོད་རྡོ་རྗེའི་དྲུང་དུ། འཇད་ནས་གཞིས་ཁ་བར་གྱི་ཐེགས་ལམ་གྱི་ཞབས་ཏོག་སྔར་སྲོལ་བཞིན་དང། གཞིས་ཁར་ཡང་རེ་ཤིག་ཞབས་ཏོག་དགོས་ཚུལ་རྒྱུ་མཚན་འབུལ་བ་ལ་ཐེགས་པའི་ཞུ་ལན། ཇི་ལྟར་བཀའ་སྩལ་བ་བཞིན་ཞལ་བཞེས་གནང་བའི་ལེགས་ཚོགས་དང་ལྡན་པ་ནས། ཟླ་བ་བཞི་པའི་ཚེས་བཅུ་གསུམ་ལ་འཇད་ནས་རིམ་པར་བཏེག། བསམ་གྲུབ་རྩེར་ཕེབས། ཐོན་པ་ནང་སོང་གཉེར་ཐོག་ན་བཞུགས་པས་ཞག་གསུམ་གྱི་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུས། རིམ་གྱིས་རྣམ་སྲས་གླིང་ནས། མི་དབང་