R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༦༤
[A:༦༤] བཤད། གང་ནའང་། དེ་ཉིད་ལ་ཕྱིས་བླ་ཆེན་དགོངས་པ་རབ་གསལ་ཞེས་གྲགས་ཤིང་། མདོ་ཁམས་སུ་བསྟན་པ་སྤེལ་ལོ།
གཡོས་དབའ་རཏྣ་ལས་བསྙེན་པར་རྫོགས་པ་ནི་དུས་མི་འགྲིག་སྟེ། སད་མི་བདུན་སྔ་དར་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཡིན་ནོ། དེས་ན་བར་སྐབས་དེར་མཁན་རབས་གཞན་བཙལ་བར་བྱའོ་
འོ་ན་དེ་དུས་ཀྱི་ཧ་ཤང་གཉིས་ཁ་སྐོང་དུ་ཇི་ལྟར་རུང་སྙམ་ན། དེ་གཉིས་ཀྱང་བསྟན་པ་སྔ་དར་གྱི་དུས། ཞི་འཚོ་ལ་སོགས་ལས། བསྙེན་པར་རྫོགས་ནས་ཕྱིས་ཁམས་སུ་འཆུག་པ་ཡིན་པས། ཁ་སྐོང་དུ་རུང་བའི་དགེ་སློང་ཡིན་ནོ། ཞེས་ཁོ་བོ་སྨྲའོ། དེ་ལྟར་ཁྲི་འོད་སྲུངས་ཀྱི་དུས་སུ་ཁམས་སུ་བསྟན་པ་བྱུང་བ་ཇི་ལྟར་ཞེ་ན། ཆོས་ལ་འཇུག་པའི་སྒོ་ལས། རྒྱལ་པོ་དེའི་སྲས་གནམ་ལྡེ་འོད་སྲུངས་དང་། མཆེད་ཟླ་ཡུམ་བརྟན་གྱིས་རྒྱལ་སྲིད་སོ་སོར་བསྐོས་ཏེ། དེ་གཉིས་ཀྱི་སྐུ་རིང་ལ་མདོ་ཁམས་རྨ་ལུང་རྡོ་རྗེའི་བྲག་ར་དན་ཏིག་གི་ཡང་དགོན་ན། གཙང་རབ་གསལ་དང་གཡོ་དགེ་འབྱུང་དང་སྨར་ཤཱཀྱ་མུ་ནེ་ཞེས་བྱ་བའི་དགེ་སློང་གསུམ་བཞུགས་སོ། དེའི་ཚེ་མདོ་སྨད་དེ་ཉིད་ན་བོན་པོའི་རིགས་སུ་གྱུར་ཀྱང་། མོས་པས་སྤྱོད་པའི་བྱང་ཆུབ་སེམས་དཔའ་མོ་དུར་དགོངས་པ་རབ་གསལ་ཞེས་བྱ་བ་བྱུང་སྟེ། དེ་སངས་རྒྱས་བསྟན་པ་ལ་དད་དེ། སྔར་གྱི་དགེ་སློང་གསུམ་དང་། རྒྱའི་ཧ་ཤང་ཀེ་ཝམ་དང་ཀེ་ཕག་དང་དཱ་པོ་དང་བཅས་པ་ལས་བསྙེན་པར་རྫོགས་པར་བྱས་སོ། དེ་དག་ལ་སོགས་ཏེ་མདོ་སྨད་ཀྱི་ཁམས་གསུམ་དུ་བསྟན་པ་ཅུང་ཟད་དར་བར་གྱུར་ཏོ། ཞེས་བཤད་པ་ལས་ཤེས་སོ། དེས་ན་འོད་སྲུངས་ཀྱི་སྲས་རྗེ་དཔལ་འཁོར་བཙན་གྱིས་སྐུ་ཚེའི་སྨད་ལ།