R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༥༣
[A:༥༣]བཞེངས། དེ་ཡང་ཁོང་གིས་བཞེངས་པའི་ལྷ་ཁང་ཚང་མ་ཚང་རྩིས་པས་ན་ཉང་སྟོད་རྩིས་ཀྱི་ལྷ་ཁང་། གནས་སྙིང་གི་ལྷ་ཁང་། རྩིའི་ལྷག་མས་བཞེངས་པས་ལྷག་ཆུང་ལྷ་ཁང་། ཐམས་ཅད་ཀྱི་རྟིང་ལ་བཞེངས་པས་རྟིང་ང་ལྷ་ཁང་ཞེས་སོགས་བཞེངས། དེ་དག་གི་རབ་གནས་པདྨའི་དངོས་སློབ་རྒྱ་འཇམ་དཔལ་གསང་བས་མཛད། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ། དབུ་ཐོད་གདན་དུ་བཏིང་། མདོ་སྔགས་ཀྱི་སྡེ་ཆེན་པོ་གཉིས་བཙུགས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ།རྒྱ་ལ་དམག་དྲངས་ཏེ་བཅོམ། དབོན་ཞང་འདུམ་བྱས་པའི་ཡི་གེ་རྡོ་ལ་བྲིས། འཛམ་གླིང་སུམ་གཉིས་ལ་མངའ་བསྒྱུར། ཁོང་གིས་བཅུ་བདུན་པ་ཆུ་ཕོ་སྟག་ལ་བསྟན་རྩིས་ཆེན་པོ་མཛད། ཆུ་ཕོ་སྟག་ལོ་དེ་ནི། འདས་ལོ་ནས་ཉིས་སྟོང་དགུ་བརྒྱ་དང་ང་བཞི་འདས་པའི་ང་ལྔ་
སྤྱི་ལོ་༨༢༢
ཡིན་པར་རྩེ་མོས་ཆོས་ལ་འཇུག་པའི་སྒོར་བཤད་པ་ལྟར་ཡིན་ལ། ཁོང་གི་སོ་ལྔ་པ་ལྕགས་ཕོ་སྤྲེལ་ལོའི་བར་བསྟན་འགྲོའི་དོན་རྒྱ་ཆེར་བསྩལ་ཏེ་སོ་དྲུག་པ་ལྕགས་མོ་བྱ་ལ་གཤེགས་སོ། དེས་ན་ད་ལྟའི་ཤིང་ཕོ་བྱི་ལོ་འདི། རལ་པ་ཅན་བལྟམས་པའི་མེ་ཁྱི་ནས་བདུན་བརྒྱ་དང་ང་དགུ་པ་དང་། རལ་ཅན་གྱིས་བསྟན་རྩིས་མཛད་པའི་ཆུ་ཕོ་སྟག་ནས། བདུན་བརྒྱ་དང་ཞེ་གསུམ་པཡིན་ཞིང་། དེ་ལྟར་ན་ཁྲི་སྲོང་ལྡེ་བཙན། མུ་ནེ་བཙན་པོ། གཅུང་ཁྲི་ལྡེ་སྲོང་བཙན། ཁྲི་རལ་པ་ཅན་ཏེ་བཞི་ལས་མུ་ནེ་བཙན་པོས་རྒྱལ་སྲིད་ལོ་གཅིག་ཟླ་བ་དགུ་བགྱིས་ཏེ་ཡུམ་གྱིས་བཀྲོངས་པས་ཕྱེད་དུ་བྱས་ནས། ཤིན་ཏུ་སྐྱིད་པའི་གདུང་རབས་ཕྱེད་དང་བཞི་ཞེས་བྱ་སྟེ། དེ་བཞིའི་རིང་ལ་དམ་པའི་ཆོས་ཤིན་ཏུ་དར་ཞིང་འགྲོ་ལ་བདེ་སྐྱིད་ཆེར་བྱུང་བ་ཡིན་ནོ།
འདིའི་སྐབས་སུ་རྗེ་བཙུན་པས། དེ་ཡི་བར་ལ་དགུ་བཅུ་གོ་དགུ་རུ༎