R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༨༦
[A:༢༨༦]པ། བོད་དུ་རིག་གནས་རྣམ་པ་བཅུའི་སྲོལ་གང་ཟག་གཅིག་ཉིད་ཀྱི་དང་པོར་ཕྱེ་བ་ནི་བདག་ཉིད་ཆེན་པོ་ས་པཎྜི་ཏ་ཁོ་ན་སྟེ། དེ་ཡང་། ཡབ་དཔལ་ཆེན་འོད་པོ་དང་། ཡུམ་ཉི་ཁྲི་ལྕམ་གྱི་སྲས་སུ་འཁྲུངས་པ་ནས་བཟུང་སྟེ། རྣམ་ཐར་རྒྱས་པ་ནི་གཞན་དུ་ཤེས་ཤིང་། འདིར་རིག་གནས་ཀྱི་ཚུལ་ལེགས་པར་གསན་པའི་ཚུལ་ཅུང་ཟད་བརྗོད་ན། གོ་མཁྱེན་ཙམ་གྱི་དུས་ཀྱི་བ་སྔ་མའི་བག་ཆགས་སད་པའི་སྟོབས་ཀྱིས་སཾསྐྲཾ་ཏའི་སྐད་དུ་མ་སྨྲ་བ་བྱུང་བས། ཡུམ་ན་རེ། འདི་ལ་རང་ག་གཅིག་པ་ཡོང་བ་ལེགས་སམ། གཏམ་གོ་རྒྱུ་མེད་པའི་ངག་ངོག་མང་པོ་ཟེར་བ་ཞིག་གདའ་ཞུས་པས། རྗེ་བས་སཾསྐྲཾ་ཏའི་སྐད་མཁྱེན་པས། ཁྱོད་ཀྱི་ལ་(གུ) བ་བྱུང་དོགས་མེད་གསུངས། ཡང་ས་ལ་ཕྱག་མཛུབ་ཀྱིས་ནཱ་ག་ར་དང་། ལཉྪའི་དབྱངས་གསལ་བྲིས་ནས་ཀློག་ཚུལ་མཛད། མི་འགོམ་པར་ཕྱག་གིས་བྱིལ་ཕྱིས་ནས་གཏོང་བ་བྱུང་། ཐོག་མར་རང་གི་ཡབ་ལས་ཀྱེ་རྡོར་གྱི་དབང་སོགས་ནོད། ཡི་གེའི་བྱེ་བྲག་དུ་མ་དང་། རྩིས་དང་གསོ་དཔྱད་རི་མོ་ལ་སོགས་པ་མཐར་ཕྱིན་པར་བསླབས། རྗེ་བཙུན་རིན་པོ་ཆེ་ལ་དབང་རྒྱུད་མན་ངག་སོགས་གསང་སྔགས་ཡབ་ཆོས་ཐམས་ཅད་དང་། རིག་གནས་ཀྱི་ཆ་ཤས་འགའ་ཞིག་ཀྱང་གསན་པས་ཚེགས་མེད་དུ་ཐུགས་སུ་ཆུད། དེ་ནས་དགེ་བཤེས་ཞུ་ལ་སོགས་པའི་བོད་སྟོན་དུ་མ་ལས། བོད་ལ་ཡོངས་སུ་གྲགས་པའི་ཆོས་སྐོར་ཐམས་ཅད་གསན་པས་ཐམས་ཅད་ཚར་རེ་ལ་ཐུགས་སུ་ཆུད། ལྷག་པར་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ཞུས་པས། དུས་དེ་ཉིད་དུ་བླ་མ་འཇམ་པའི་དབྱངས་སུ་གཟིགས། ཆོས་ཐམས་ཅད་སྐད་ཅིག་ལ་ཐུགས་སུ་ཆུད། དེས་བྱའི་