R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༦༨
[A:༢༦༨]ངུ་རྣམ་གསལ་ཡང་དག་རྫོགས། །ཞེས་པ་ཡང་ཀླུ་ལ་ཟུར་ཟ་བའོ། །དེ་ནས་རིག་པའི་འབྱུང་གནས་ན་ལེནྡཱར་བྱོན། དེ་ནས་ཟླ་གྲགས་དང་རྩོད་པ་མཛད་པའི་ཚུལ་རྣམས་ཕལ་ཆེར་སྤྱི་དོན་གཞིན་ལ། ཙནྡྲ་གོ་མིས་ཐོགས་མེད་ཀྱི་སྲོལ་ལ་བརྟེན་ཏེ་རྣམ་རིག་གི་ཕྱོགས་བཟུང་། ཟླ་གྲགས་ཀྱིས་ཀླུ་སྒྲུབ་ཀྱི་གཞུང་སངས་རྒྱས་བསྐྱངས་སོགས་ཀྱིས་བཀྲལ་བ་ལ་བརྟེན་ཏེ་ངོ་བོ་ཉིད་མེད་པའི་ཕྱོགས་བཟུང་། ལོ་གསུམ་གྱི་བར་དུ་བགྲོ་གླེང་གི་བརྒལ་བརྟག་མཛད་དོ། རྩོད་པ་དེ་བལྟ་བའི་ཕྱིར་སྐྱེས་བོ་མང་པོ་རྟག་ཏུ་འདུས་པས། གྲོང་པའི་ཁྱེའུ་དང་བུ་མོ་ཚུན་ཆད་ཀྱིས་ཀྱང་ཕྱོགས་ཙམ་རིག་ནས། ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང་། །ལ་ལའི་སྨན་ལ་ལ་ལའི་དུག །མི་ཕམ་འཕགས་པ་ཐོགས་མེད་གཞུང་། །སྐྱེ་བོ་ཀུན་གྱི་བདུད་རྩི་ཉིད། །ཅེས་གླུར་ལེན་ནོ། དེ་ནས་ན་ལེནྡཱར་བཞུགས་ནས། བཟོ་གནས་བརྒྱ་རྩ། སྒྲ། རྟོག་གེ་སྨན་དཔྱད། སྡེབ་སྦྱོར། ཟློས་གར། མངོན་བརྗོད། སྙན་ངག སྐར་རྩིས་ལ་སོགས་པའི་བསྟན་བཅོས་མང་དུ་བརྩམས། སློབ་མ་རྣམས་ལ་དེ་རྣམས་གཙོ་བོར་བཤད་པའི་ཚེ། འཕགས་མ་སྒྲོལ་མས། ས་བཅུ་པ་དང་ཟླ་བ་སྒྲོན་མེ་དང་། །སྡོང་པོ་རྒྱན་པ་དང་ནི་ལརྐ་འཇུག །རྒྱལ་བ་རྣམས་ཀྱི་ཡུལ་གྱུར་ཀློགས་ཤིག་ཀྱེ། །སྡེབ་སྦྱོར་ངན་གཡོའི་སྦྱོར་བས་ཁྱེད་ལ་ཅི། །ཞེས་གསུངས་པས་ཕྱི་རོལ་གྱི་རིག་པའི་གནས་རྣམས་ཉུང་ངུར་བསྟན་ཅིང་། རྨད་དུ་བྱུང་བའི་མདོ་ལྔ་པོ་དེ་དག་དུས་རྟག་ཏུ་གསུངས། བདག་ཉིད་ཀྱང་ཉིད་རེར་ཞལ་འདོན་མཛད། མདོ་དེ་རྣམས་ལ་བསྡུས་དོན་རེ་ཡང་མཛད། སྤྱིར་སྔ་ཕྱིར་མཛད་པ་ལ་བསྟོད་པ་བརྒྱ་དང་བརྒྱད། ནང་རིག་པའི་བསྟན་བཅོས་བརྒྱ་དང་བརྒྱད་ཕྱི་རོལ་གྱི་བསྟན་བཅོས་བརྒྱ་དང་བརྒྱད་བཟོ་གནས་བརྒྱ་དང་བརྒྱད་དེ་ཕྲ་མོ་ཐོར་