R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༠༢
[A:༢༠༢] རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རྣམ་ངེས་ཀྱི་ཏི་ཀ་བརྩམས་ཤིང་འཆད་པའི་འཁུར་བཟུང་། མདོར་ན་ལོ་ཉེར་གཉིས་ནས་གྱ་གསུམ་གྱི་བར་ལ་མཁས་པའི་བྱ་བ་གསུམ་གྱིས་དུས་འདའ་བ་ཁོ་ན་བྱུང་ཞིང་ཉེར་བདུན་པ་ས་མོ་བྱའི་ལོ་ལ། མཁན་ཆེན་གཡག་པ་དང་མཇལ་ཏེ་ས་ལུགས་ཀྱི་མདོའི་བཤད་སྲོལ་དང་། ཐེག་ཆེན་ཆོས་རྗེ་ལ་གསུང་ངག་སོགས་སྔགས་ཀྱི་ཟབ་དོན་བླངས་ནས་ས་རྔོག་རྣམ་གཉིས་ཀྱི་བཤད་སྲོལ་རྒྱུན་བསྲིངས་ཏེ། ཆ་པ་ཆོས་སེང་དང་། བཅོམ་ལྡན་རིག་རལ་དང་། ཀུན་མཁྱེན་འདི་གསུམ་ལས་འཆད་པའི་རྒྱུན་དང་། དངོས་སློབ་བསྟན་འཛིན་གྱི་ཐོན་ཆེ་བ་མ་བྱུང་ཞེས་གྲགས། གཙང་ཕྱོགས་ལ་ཡང་ལན་གསུམ་བྱོན་པའི་དང་པོ་ལོ་ཉེར་བདུན་པའི་ཚེ། མཁན་ཆེན་པའི་ཞབས་འབྲིང་མཛད་དེ་མདོའི་ཟབ་དོན་གསན་པ་དང་ལེགས་བཤད་ཀྱི་སྐྱེས་འབུལ་བ་ཁོ་ན་མཛད། གཉིས་པ་རང་ལོ་ཞེ་བརྒྱད་པ་ལ་མཁན་ཆེན་པ་གཤེགས་ཏེ། ལྔ་བཅུ་ཙམ་གྱི་ཚེ་དིང་རི་དང་མུས་སོགས་སུ་སྔགས་ཀྱི་ཟབ་དོན་བཞེས་པ་དང་། མདོ་ཕྱོགས་ཀྱི་འཕྲིན་ལས་སྤེལ་བ་ཁོ་ན་མཛད། ལན་གསུམ་པ་དྲུག་ཅུ་རྩ་གཅིག་པའི་ཚེ། སྡེ་དཔོན་སོ་སོའི་བསོད་ནམས་ཀྱི་མགྲོན་དང་། མདོ་སྔགས་ཀྱི་ཆོས་འཁོར་བསྐོར་བ་ཁོ་ན་མཛད། བདུན་ཅུ་པ་མེ་ཕོ་འབྲུག་ལ་ནཱ་ལནྡྲེའི་ཆོས་གྲྭ་བཏབ་ནས་ལོ་བཅུ་བཞིར་གཞན་དོན་མཛད་ཅིང་། དབུས་གཙང་དུ་གྲ་སྐོར་མཛད་པའི་པོ་ཏི་བཅུ་ཁོ་ན་ཡིན་ཡང་། གཞན་ལ་འདོམས་པའི་གཞུང་ལུགས་དྲུག་ཅུ་རྩ་བཞི་དང་། རྣམ་བཤད་མཛད་པའི་གཞུང་ལུགས་བཞི་བཅུ་ཡོད་གསུངས། གཞན་ཡར་ལུང་པ་སེང་གེ་རྒྱལ་མཚན། ལོ་ཆེན་སྐྱབས་མཆོག། ལོ་ཆེན་གྲགས་པ། ཀུན་མཁྱེན་ཤེར་འོད། ལོ་ཆེན་སྐྱབས་མཆོག། ལོ་ཆེན་གྲགས་པ། ཀུན་མཁྱེན་ཤེར་འོད། སྙན་ངག་པ་འཇམ་དབྱངས་ཁ་ཆེ། མུས་ནམ་མཁའི་རྣལ་འབྱོར་སོགས་