R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༠༠
[A:༢༠༠]སྐོར་མཛད་ནས་སྣར་ཐང་དུ་ཕྱག་ཕེབས། དེ་ནས་ཉ་དབོན་ལ་ཕར་ཕྱིན་དང་། རྗེ་བཙུན་རེད་མདའ་པ་ལས་མངོན་པ་དང་དབུ་མ་སོགས་གསན་ཏེ། དེ་ཉིད་ཀྱི་ཐུགས་སྲས་དམ་པར་གྱུར། སྐྱོར་མོ་ལུང་གི་མཁན་པོ་བཀའ་བཞི་པ་བློ་གསལ་ལ་འདུལ་བ་གསན། གོང་གསུམ་བདེ་ཆེན་པ་སོགས་ལས་སྔགས་ཀྱི་རྒྱུད་མན་ངག་གསན། ཇོ་གདན་ཚོགས་ཆེན་པོའི་མཁན་པོ་དཀའ་བཞི་པ་ཚུལ་རིན་ལས་བསྙེན་པར་རྫོགས། བླ་མ་དབུ་མ་པས་མཚམས་སྦྱར་ཏེ་རྗེ་བཙུན་འཇམ་པའི་དབྱངས་ལ་ཆོས་གསན། བླ་མ་དབུ་མ་པ་ནི། མདོ་ཁམས་སུ་བྱིས་པའི་དུས་ཉིད་ནས་འཇམ་དབྱངས་ཀྱི་སྐུའི་སྣང་བ་ཤར། རྗེ་འདི་དང་ཕར་སློབ་ཚུར་སློབ་ཡིན། མདོར་ན་རྗེ་འདིས་སྐུ་ཚེའི་སྟོད་ལ་ཐོས་བསམ་གྱིས་རྒྱུད་སྦྱངས། བར་སྐབས་སུ་བྱ་བྲལ་ཁོ་ན་མཛད། ཟབ་དོན་ལ་དཔྱད་སྒོམ་གྱི་སྒོ་ནས་དོན་ཉམས་སུ་བཞེས། འཕྲལ་གྱི་ཀུན་སྤྱོད་འདུལ་བའི་ལག་ལེན་གསོས་བཏབ། ཁྱད་པར་དུ་དབུ་མ་ཐལ་འགྱུར་བའི་བསྟན་པ་ཆེར་སྤེལ། སྐུ་ཚེའི་སྨད་ལ་གཞན་དོན་ཕྱོགས་མེད་དུ་རྒྱས། དགུང་ལོ་ང་གསུམ་པ་ས་མོ་གླང་ལ་ཆོས་འཁོར་ལྷ་སར་སྨོན་ལམ་ཆེན་མོ་མཛད། ཇོ་བོ་ལ་རིན་པོ་ཆེའི་དབུ་རྒྱན་ཡང་གསོལ། བཀའ་ཆེམས་ལས། དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པ༎ དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ༎ གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི༎ སྙིང་པོའི་མཐའ་ཅན་སྐྱེས་ཆེན་དམ་པ་ནི༎ ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད༎ ཅེས་པའི་ལུང་གི་དོན་ཡིན་པར་ཡང་འཆད། ལོ་དེ་ཉིད་ལ་རི་བོ་དགེ་ལྡན་ཡང་བཏབ། དེ་ཕྱིན་རི་བོ་དགེ་ལྡན་པ་ཞེས་ཡོངས་སུ་གྲགས་པ་ཡིན་ནོ། དེ་ནས་དགུང་ལོ་རེ་གསུམ་པ་ས་མོ་ཕག་གི་ཉེར་ལྔ་ལ་དག་པའི་ཞིང་དུ་གཤེགས་སོ།