R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༧༢
[A:༡༧༢] འཕགས་པའི་སྐུ་འདྲ་འབུམ་ཐོབ་བཅུ་གསུམ་ཞེས་གྲགས་པ་རྣམས་བཞེངས། བཅུ་བཞི་པ་ལ་གོང་ལ་བྱོན། ཏི་ཤྲི་མཛད། ཉི་ཤུ་པ་ལ་མདོ་ཁམས་པ་ཏྲི་མནྡལ་ཞེས་པར་ཚེས་བཅོ་བརྒྱད་ལ་གཤེགས་སོ། དེས་ན་ཤིང་བྱི་འདི་དྷརྨ་པཱ་ལའི་ས་ཕོ་འབྲུག་ནས་ཉིས་བརྒྱ་གོ་བདུན་པ་ཡིན། ས་ཕོ་འབྲུག་དེ་ནི། འཕགས་པས་ལྷ་ཁང་ཆེན་མོ་བཞེངས་པའི་ལོ་ཡིན་ཏེ་དཔལ་ལྡན་ས་སྐྱ་བཏབ་ནས་ལོ་བརྒྱ་དང་གོ་དྲུག་པ་ས་ཕོ་འབྲུག་ལ་ལྷ་ཁང་ཆེན་མོའི་འགྲམ་བཏིང་ཞེས་འབྱུང་བ་ཡིན་ནོ། སུམ་སྟོང་བཞི་བརྒྱ་དང་ཉག་བརྒྱད་འདས་པའི་(ཉག་དགུ) མེ་ཕོ་བྱི་
སྤྱི་ལོ་༡༢༧༦
ལོ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལས་སྟོད་གྱམ་དུ་བྱོན་ཁོང་གིས་ལོ་ལྔ་ལོན་པའི་ཚེ་འཕགས་པ་རིན་པོ་ཆེ་དག་པའི་ཧིང་དུ་གཤེགས། ཡུམ་སྔ་མོར་གཤེགས་ནས་ལུག་གི་འོ་མས་གསོས་པས་ལུ་གུ་ཞེས་པར་གྲགས། ཁོ་བོ་བའི་འོ་མས་གསོས་ན་ལེགས་པ་ལ་ལུག་གི་འོ་མས་གསོས་པས་བློ་གྲོས་ཀྱི་ཕྱེད་འགྲིབ་ཅེས་གསུངས། ལོ་བདུན་པ་ལ་མཁན་ཆེན་གསེར་ཁང་པ་དང་མེ་སྟོན་འདུལ་འཛིན་ལས་རབ་ཏུ་བྱུང་། བཅུ་གཅིག་པ་ལ་མདོ་རྩ་རྫོགས་པར་བཟུང་། བཅུ་གསུམ་པ་ལ་མདོག་ཚ་སྣར་སྟག་སྡེ་སེང་རྒྱལ་ལོ་བཅུ་དགུ་པའི་བར་དུ་བསྟེན། བཅུ་དགུ་པ་ལ་སྟག་སྡེ་པ་གཤེགས་ནས་མང་མཁར་ཁྲ་ཚང་དུ་ལོ་ཙཱ་བ་མཆོག་ལྡན་ལ་དུས་འཁོར་སོགས་གསན། གཞན་ཡང་། སྟག་སྡེ་ཏི་ཕུག་གི་མཁན་པོ་ཤེས་རབ་དཔལ་དང་། ས་སྐྱའི་འཇམ་དབྱངས་བཞི་ཐོག་པ་དང་། འཇམ་སྐྱ་དང་། རོང་པ་ཤེས་རབ་སེང་གེ་སོགས་ཀྱི་ཞབས་པད་བསྟེན། རོང་པ་ཤེར་སེང་འདི་ནི་རོང་པ་སྒ་ལོའི་སྲས་ཏེ་ལྕགས་མོ་ཕག་ལོ་པ་ཡིན། ཏི་ཤྲི་གྲགས་འོད་ལས་ལོ་དྲུག་གིས་གཞོན། དཔང་ལོ་ལས་ཉེར་ལྔས་བགྲེས། སློབ་