R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༥༩
[A:༡༥༩] པན་ཆེན་བལྟམས། རེ་ལྔ་པ་ཤིང་ཕོ་བྱི་ལོར་བོད་དུ་ཕེབས། དོན་ལྔ་པ་ཤིང་ཕོ་ཁྱི་ལ་ཁ་ཆེར་ཕེབས། གོ་དགུ་པ་ཁྱི་ལ་ཞི་བར་གཤེགས་ཞེས་བཤད་པ་ཡང་། ཐང་པོ་ཆེར་རྩིས་པའི་བསྟན་རྩིས་དང་འགལ་ཏེ། ཁྱེད་ལྟར་ན་ཐང་པོ་ཆེའི་མེ་ཡོས་ནི་པན་ཆེན་གྱི་དྲུག་ཅུ་རྩ་བརྒྱད་ཡིན་ལ། དྲུག་ཅུ་རྩ་བརྒྱད་པོ་དེ་དང་། པན་ཆེན་འཁྲུངས་གོང་གི་ལོ་སྟོང་དགུ་བརྒྱ་དོན་གསུམ་པོ་བསྲེས་པས། ཉིས་སྟོང་ཞེ་གཅིག་ཏུ་ཡང་འགྱུར་བའི་ཕྱིར་རོ། དེས་ན་ཁོ་བོ་ནི་སྐབས་འདིར་དུས་གསལ་སོར་བཞག་ནས། ཁ་ཆེ་པན་ཆེན་རང་ཉིད་ཀྱི་བསྟན་རྩིས་ལྟར་གྱི། འདས་ལོའི་སྟོང་དང་དྲུག་བརྒྱ་གོ་གཉིས་འདས་པའི་གོ་གསུམ་པ་ཤིང་མོ་གླང་ལ་པན་ཆེན་བལྟམས། དྲུག་ཅུ་པ་ཤིང་བྱི་ལ་བོད་དུ་ཕེབས། བདུན་ཅུ་པ་ཤིང་ཁྱི་ལ་མངའ་རིས་ནས་ཁ་ཆེར་ཕེབས་ཏེ་གོ་དགུ་པ་ལ་དག་པའི་ཞིང་དུ་གཤེགས། མངའ་རིས་ནས་ཁ་ཆེར་ཕེབས་དུས་ཇོ་གདན་གཙང་པོ་བ། བྱང་རྡོར་རྣམ་གཉིས་ཀྱི་གནས་ཀྱི་སློབ་དཔོན་དུ་བཞག། ཤིང་ཁྱི་དེ་ནས་ལོ་བཅུ་གཅིག་པ་པན་ཆེན་གྱི་དགུང་ལོ་བརྒྱད་ཅུ་ལོན་པའི་ཚེ། བྱང་རྡོར་རྣམ་གཉིས་ཀྱིས་དགེ་འདུན་གྱི་སྡེ་སོ་སོར་བཙུགས་པ་ནི། དགེ་འདུན་སྒང་པ་དང་། ཚོགས་མོ་ཆེ་པ་ཞེས་ཟེར་ལ། དེ་གཉིས་ལས་མཆེད་པ་བྱེ་མ་རྫིང་བུ་དང་། ཆོས་ལུང་པ་ཞེས་ཟེར་ཏེ་ཇོ་གདན་ཚོགས་སྡེ་བཞི་ཞེས་གྲགས་སོ། དེས་ན་ཐང་པོ་ཆེར་རྩིས་པའི་མེ་མོ་ཡོས་ལོ་ནི། པན་ཆེན་གྱི་དྲུག་ཅུ་རྩ་གསུམ་པ་ཡིན་ལ། རེ་གསུམ་པོ་དེ་དང་། པན་ཆེན་འཁྲུངས་གོང་གི། སྟོང་དྲུག་བརྒྱ་གོ་གཉིས་པོ་བསྲེས་པས། སྟོང་དང་བདུན་བརྒྱ་དང་ལྔ་འབྱུང་བ་ལ་ཁྲུལ་པ་མེད་པའི་ཕྱིར་རོ།