R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༥༡
[A:༡༥༡] ཁའུ་པ་འོད་ལྡན་དཔལ་བཟང་པོ། སྐྱི་སྟོན་དྲི་མེད་དཔལ་བཟང་པོ་(གཉིས་ཆད) རྣམས་སོ། ཇོ་གདན་བྱང་ཆུབ་དཔལ་ནི། ཆོས་རྗེ་པའི་སློབ་མ་ཤིན་ཏུ་ཡིན་ཀྱང་། ཁ་ཆེ་པན་ཆེན་གྱི་མཁན་བུ་ཡིན་པས་ཆོས་རྗེ་པའི་སྡོམ་ཕྲུག་ཏུ་ཅུང་ཞིག་མི་རིགས་པ་འདྲ་མོད། འོན་ཀྱང་རྗེ་ཀུན་མཁྱེན་གྱི་ཊིཀ་ལྟར་བགྲངས་པའོ། གཞོན་པ་རྒྱལ་མཚན་གྱི་མཐའ་ཅན་བདུན་ནི། ཤར་པ་ཡེ་ཤེས་རྒྱལ་མཚན། ཁང་སྟོན་འོད་ཟེར་རྒྱལ་མཚན། དགའ་ལྡན་པ་ཆོས་ཀྱི་རྒྱལ་མཚན། གསོལ་ཇ་བ་འདུལ་བ་རྒྱལ་མཚན། འུ་ཡུག་པ་དཔལ་གྱི་རྒྱལ་མཚན། ཡར་ཀླུངས་པ་ཤཱཀྱ་རྒྱལ་མཚན། ཡར་ཀླུངས་པ་བྱང་ཆུབ་རྒྱལ་མཚན་རྣམས་སོ། དེ་ཡང་ཡར་ཀླུངས་པ་བྱང་ཆུབ་རྒྱལ་མཚན་ནི། ཆོས་རྗེ་པའི་རྣམ་ཐར་ཚིགས་བཅད་མ་རྒྱས་པ་རྩོམ་པ་པོ་ཡིན་ལ། རྣམ་ཐར་བསྡུས་པ་རྩོམ་པ་པོའི་ཡར་ཀླུངས་པ་གྲགས་པ་རྒྱལ་མཚན་ཡང་བསྣན་ནས་རྒྱལ་མཚན་གྱི་མཐའ་ཅན་བརྒྱད་ཅེས་བྱའོ། ལོ་ཆེན་བཞི་ནི། ཕྱག་(ཆག) ལོ་ཙཱ་བ་ཆོས་རྗེ་དཔལ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། རོང་པ་སྒ་ལོ་རྣམ་རྒྱལ་རྡོ་རྗེ། ཞང་ལོ་ཙཱ་བ་གྲུབ་པ་དཔལ་དང་བཞིའོ། ཆག་ལོ་ནི། ཆག་དགྲ་བཅོམ་གྱི་དབོན་པོ་སྟེ། མེ་མོ་སྦྲུལ་ལོ་ལ་བྱོན། ས་པན་ལས་ལོ་བཅོ་ལྔས་གཞོན་ནོ། ཞང་ལོ་ནི། ཁ་ཆེ་པན་ཆེན་གྱི་སློབ་མའང་ཡིན་ལ་གཙོ་བོར་རས་ཆུང་སྙན་བརྒྱུད་ཀྱི་བརྒྱུད་པ་ལ་བཞུགས་པ་དེའོ། ཡར་ཀླུངས་པ་རྒྱལ་ཚ་ལུང་གི་དབང་ཕྱུག། ཞང་བྱ་རུ་བ་ཨཱརྱ་དེ་ཝ།