R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༤༩
[A:༡༤༩]གཏེར་ ཞེས་བྱ་བའི་སྒོ་ནས་ཚད་མའི་བསྟན་པ་ཇི་ལྟ་བ་བཞིན་ཤར་བ་ཡིན་ཞིང་། རིག་གནས་གཞན་ལ་ཡང་དེས་མཚོན་ཏེ་ཤེས་པར་མཛོད་ཅིག། ས་པནྜི་ཏའི་སློབ་མའི་མཆོག་རྟོགས་པའི་བརྒྱུད་འཛིན་ཚོགས་གྲུབ་དབོན་གསུམ། མན་ངག་གི་བརྒྱུད་འཛིན་ལྷོ་དམར་རྣམ་གཉིས། བཤད་པའི་བརྒྱུད་འཛིན་ཤར་ནུབ་གུང་གསུམ། སྡོམ་ཕྲུག་བགྲེས་པ་དཔལ་བཟང་པོ་བཅུ་གསུམ། གཞོན་པ་རྒྱལ་མཚན་གྱི་མཐའ་ཅན་བདུན། ལོ་ཙཱ་བ་ཆེན་པོ་བཞི། སྦས་པའི་རྣལ་འབྱོར་པ་ཆེན་པོ་བཞི། མཁས་བཙུན་གྱི་ཐུགས་སྲས་བཞི། སྒྲུབ་པའི་བརྒྱུད་འཛིན་རྒྱལ་བ་ཡང་དགོན་པ། སྦས་པའི་གྲུབ་ཆེན་ཟངས་ཚ་བསོད་རྒྱལ་ལོ། དེ་དག་ཀྱང་རིམ་པ་ལྟར། ཚོགས་སྒོམ་ཀུན་དགའ་དཔལ། གཙང་སྒྱེར་ཕུར་ལྕགས་ཕོ་རྟ་ལ་བྱོན། ཆོས་རྗེ་པ་ལོ་བཅུ་གསུམ་བསྟེན། གོ་བརྒྱད་པ་ལ་གཤེགས། ས་པན་ལས་ལོ་ཉེར་བརྒྱད་ཀྱིས་གཞོན། གྲུབ་ཆེན་ཡོན་ཏན་དཔལ་སྟག་སྟེ་ངམ་རིངས་སུ་བྱོན། ཆོས་རྗེ་པ་ལོ་དྲུག་བསྟེན། སེ་མོ་ཆེ་རས་པ་ཞེས་གྲགས། དབོན་པོ་འཕགས་པ་རིན་པོ་ཆེ་ས་པན་ང་བཞི་བཞེས་པའི་ཤིང་མོ་ལུག་ལ་བྱང་ངམ་རིངས་ཀླུང་ཁུངས་སུ་བྱོན་ནོ། ཚོགས་གྲུབ་དབོན་གསུམ་གྱི་བརྒྱུད་པ་འཛིན་པ་ལ་ལ་ཉན་ཞང་གསུམ་ཞེས་གྲགས་ཏེ། ལ་རུ་བ་བསོད་ནམས་བཟང་པོ། སྟག་རྩེ་ལ་རུ་གསེར་ཁང་དུ་བྱོན། བཅོ་བརྒྱད་པ་ལ་འཕགས་པས་རབ་ཏུ་བྱུང་། ཤར་པ་རྡོ་རྗེ་འོད་ཟེར་ལ་རྒྱུད་གསུམ་མན་ངག་དང་བཅས་པ་གསན། ཕྱིས་སྤྱིའི་སེན་མོ་རང་གྲུབ་ཐོབ་ཡོན་ཏན་དཔལ་ལ་ལོ་གསུམ་གསུང་ངག་གསན་ནོ།