R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༣༥
[A:༡༣༥]ལྡན་ས་སྐྱའི་གདན་སར་ཕེབས། ང་དྲུག་པ་ཆུ་ཕོ་ཁྱི་ལོ་སྙེ་མོ་རུ་མཚམས་ཀྱི་གཙང་ཁང་དགོན་པར་མཚན་གྱི་འོད་གསལ་ཆེན་པོའི་ངང་ལས། བླ་མ་ས་ཆེན་གྱི་སྐུ་ཡེ་ཤེས་ཀྱི་སྣང་བ་བསྟན་ཏེ། ལམ་འབྲས་ཤིན་ཏུ་ཉེ་བརྒྱུད་ཅེས་གྲགས་པ་བརྡ་དོན་གསལ་བའི་བཀའ་དྲིན་མཆོག་ཏུ་ནོས་སོ། རང་ལོ་བདུན་ཅུ་པ་མེ་ཕོ་བྱི་བའི་དབོ་ཟླའི་ཚེས་བཅུ་གཉིས་ལ་དག་པའི་ཧིང་དུ་གཤེགས་ཀྱི་བར་དུ་བསྟན་པའི་བྱ་བ་ཁོ་ན་མཛད་པའི་སྲས་ཀྱི་དམ་པ་ནི་ཆོས་རྗེ་ས་པན་ཉིད་ཡིན་ལ། གྲགས་པའི་མཐའ་ཅན་བཞིར་གྲགས་པ་ནི། ཀར་ཤཱཀྱ་གྲགས། ནུབ་པ་རིག་འཛིན་གྲགས། ནཱ་རོ་བནྡྷེ་གཤིན་རྗེ་གྲགས། གསལ་ལ་བ་དབང་ཕྱུག་གྲགས་དང་བཞིའོ། གྲགས་པ་མི་བརྒྱད་ཅེས་གྲགས་པ་ནི། སྔ་མ་བཞིའི་སྟེང་དུ། གྲས་སྟོན་བློ་གྲོས་གྲགས། དགའ་སྟོན་རྡོ་རྗེ་གྲགས། ལྷེ་སྟོན་དཀོན་མཆོག་གྲགས། ས་སྟོན་འཇིགས་མེད་གྲགས་དང་བཞི་ལ་འཇོག་པར་སེམས་སོ། གུར་རྒྱན་ཞུས་པའི་མི་བཞི་ནི། མུ་ཆུ་བྱང་ཆུབ་གྲགས། གཙང་སྟོན་བརྩོན་འགྲུས་གྲགས། ལྷ་ཐོག་ཡོན་ཏན་གཟུང་། རིགས་ལྡན་ཤེས་རབ་རིན་ཆེན་དང་བཞིའོ། རིག་འཛིན་གྱི་སྡོམ་བརྩོན་ཆེན་པོ་བཞི་ནི། ཇོ་སྲས་ལྕགས་ཀྱི་རྡོ་རྗེ། དབོན་སྟོན་སྐྱེར་སྒང་པ་ཆེན་པོ། རྩིས་འདུལ་གཞོན་ནུ་སེང་གེ། ཁམས་ཀྱི་འཇི་ཡོན་ཏན་དགེ་སློང་། དེས་ན་ད་ལྟའི་ཤིང་བྱི་འདི་ས་ཆེན་གྱི་ཆུ་སྤྲེ་ནས་བཞི་བརྒྱ་དོན་གསུམ། རྩེ་མོའི་ཆུ་ཁྱི་ནས་བཞི་བརྒྱ་དང་ཉེར་གསུམ། གྲགས་པའི་མེ་ཡོས་ནས་བཞི་བརྒྱ་དང་བཅོ་བརྒྱད་ལོན་པའི་ལོ་དེ་ཡིན་ནོ་ཞེས་བཤད་པར་བྱའོ།