R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༣༠
[A:༡༣༠] ཟབ་མོའི་བཀའ་དྲིན་ནོད་དེ། རང་ལོ་སོ་གཉིས་པ་ཆུ་མོ་ཡོས་བུའི་ལོ་སྒྲུབ་པའི་ལུང་སྦྱིན། ངོ་མཚར་བའི་རྫུ་འཕྲུལ་གྱི་ལྟད་མོ་བསྟན། རང་ལོ་ཞེ་བདུན་པ་ས་ཕོ་རྟའི་ལོ། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་བི་རུ་པ་གཙོ་འཁོར་ལྔ། ཆོས་སྒོ་སྐྱེལ་དུ་བྱོན་ཏེ། སྤྱིར་རྒྱུད་སྡེ་བདུན་བཅུ་རྩ་གཉིས་ཀྱི་མན་ངག། ཁྱད་པར་ལྕགས་རི་མི་འདའ་བའི་ཟབ་ཆོས་བཞི་ལ་སོགས་ཏེ། མདོར་ན་གསུང་ངག་ཉེ་བརྒྱུད་ཀྱི་གནད་ཟབ་མོའི་བདུད་རྩི་ངོམ་པར་གསོལ། རང་ལོ་ལྔ་བཅུ་པ་ལྕགས་མོ་བྱའི་ལོ་ཞང་གི་གདམས་པའི་ལོ་བཅོ་བརྒྱད་བཀའ་རྒྱ་ཡང་གྲོལ་ཏེ། མདོ་ཁམས་ཀྱི་ཁམས་པ་ཨ་སེང་གིས་ཞུས་པའི་ངོར་གསུང་ངག་ཐོག་མར་བཀའ་སྩལ། གཞུང་བཤད་ཨ་སེང་མར་གྲགས་པ་ཡི་གེར་བཀོད། རྒྱུད་མན་ངག་ཟབ་མོའི་བདུད་རྩི་སྤེལ། སྐུའི་བཀོད་པ་མི་འདྲ་བ་དྲུག་བསྟན། སླར་རེ་བདུན་པ་ས་ཕོ་སྟག་ལ་དབྱུག་པ་ཟླ་བའི་ཚེས་བཅུ་བཞི་ལ་སྐུ་འབུམ་རྣམ་རྒྱལ་དུ་གྲགས་པར་ཆོས་དབྱིངས་སུ་གཤེགས། བདེ་བ་ཅན། པོ་ཏ་ལ། ཨུ་རྒྱན། བྱང་གསེར་མདོག་ཅན་བཞི་ན་སྐུའི་བཀོད་པ་བཞིས་སྐལ་ལྡན་གྱི་དོན་མཛད་ཅིང་ད་ལྟ་ཡང་བཞུགས་སྐད། ཕག་མོ་གྲུ་པའི་རྣམ་ཐར་ན་བདེ་བ་ཅན། བྱང་ཨ་ཡུ་ཏ་ར། གསེར་མདོག་ཅན་གསུམ་ན་སྐུའི་བཀོད་པ་གསུམ་བསྟན་ཏེ་བཞུགས། འདི་རང་ངོ་མཚར་ཆེ་གསུང་སྐད་དོ། སློབ་མའི་མཆོག་ནི། སིང་ག་གླིང་གི་རྣལ་འབྱོར་པ། བྱང་ཆུབ་སེམས་དཔའ་སྟག། སྒོམ་པ་སྐྱི་འབར་ཏེ་མཆོག་ཐོབ་གསུམ། རྗེ་བཙུན་ཆེན་པོ། ཞུས་(ཞུ) བྱས་དངོས་གྲུབ། དགའ་སྟོན་རྡོ་རྗེ་གྲགས། སྒོམ་པ་འོད་ཟེར་གྲགས། ནགས་སྒོམ་པ་བསོད་ནམས་རྒྱལ་མཚན།