R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༢༦
[A:༡༢༦] བསྟེན་དཀའ་བ་ཞིག་འདུག་པས་ཆོས་འབྲེལ་མ་ཞུས་གསུངས་པ་ཡང་སྣང་བས་ཐུགས་བཟེ་རེག་ཡོད་པར་སྣང་
འུ་ཡུག་པས་ས་སྐྱར་འཇམ་དབྱངས་ས་སྐྱ་པན་ཆེན་ལ་རྣམ་འགྲེལ་གསན། ས་སྐྱར་བཤད་པ་མཛད། སློབ་མ་ཞང་མདོ་སྡེ་དཔལ་སོགས་ཏེ། རྣམ་འགྲེལ་དར་བ་འདི་འཇམ་མགོན་ས་སྐྱ་པ་དཔོན་སློབ་ཀྱི་དྲིན་ཡིན། བོ་དོང་རིན་ཆེན་རྩེས་གྲམ་རམ་དུ་བཤད་པ་བཙུགས། སློབ་མ་བུ་སྟོན་གྲགས་སེང་དང་། དབུ་མ་པ་ཤེས་རབ་འབུམ་སོགས་སོ། འཇམ་གསར་གྱིས་རྐྱང་དར་དུ་བཤད་པ་བཙུགས། སློབ་མ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་དང་རོང་པ་སྒ་ལོ་སོགས་སོ། སྐྱེལ་ནག་གྲགས་སེང་ལ་མཆིམས་ཆེན་མོས་ཞལ་ཏ་མཛད་ནས་སྣར་ཐང་དུ་བཤད་པ་བཙུགས། སློབ་མ་སྐྱི་སྟོན་གྲགས་འབུམ་དང་ཆུ་མིག་པ་སེང་གེ་དཔལ་ལ་སོགས་པའོ། བཅོམ་ལྡན་རིག་པའི་རལ་གྲི་ཡང་། ཡུལ་ཕུ་ཐང་པ་ཡིན་ལ། ཕྱིས་སྣར་ཐང་དུ་བྱོན། སྣར་ཐང་གི་ཐེམ་པ་ལ་ཞབས་བཞག་པ། དབུ་ལ་ཉི་མ་ཤར་བ། སྣར་ཐང་གི་ཚོགས་དུང་བུས་པ་གསུམ་འཛོམ་པས་རྟེན་འབྲེལ་གྱི་གནད་ཟབ་མོ་འགྲིག། མཛེའི་རྣམ་རྟོག་ཅུང་ཟད་ཡོད་ཀྱང་། ཚད་མ་རྣམ་ངེས་སྟོང་ཚར་གཅིག་ཤར་བས་ཡུལ་བུད། བཀའ་བསྟན་བཅོས་ཀྱི་སྒྱུར་བྱང་དང་བམ་ཚད་སོགས་ལ་ངེས་ངེས་མཛད་དེ་སོ་སོར་འདེབས། དེང་སང་བཀའ་འགྱུར་བསྟན་འགྱུར་ཞེས་གྲགས་པ་ཡང་། ཐོག་མར་ཁོང་གིས་ཕྱོགས་སུ་ཕྱོགས་སུ་སྡེབས། བསྟན་པ་རྒྱན་གྱི་མེ་ཏོག་སོགས་བསྟན་བཅོས་པོ་ཏི་བཅུ་དྲུག་ཙམ་བརྩམས།