R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༩༧
[A:༩༧] ཡུན་རིང་དུ་མཛད། ནང་ཞིག་ཐལ་བ་འབོད་དུ་བྱོན་པས་སྐས་གདང་གསུམ་པ་ལ་ཕེབས་པའི་ཚེ་བཀའ་སྡེ་སྣོད་ཀྱི་དོན་ཐུགས་ལ་ལམ་གྱིས་བྱུང་། བླ་མའི་ཞབས་ཏོག་ལ་ཡིད་ཆེས་ཏེ། སྐྱེ་སྨད་པའི་དགེ་བཤེས་འདི་རྣམས་བླ་མའི་ཞབས་ཏོག་ལ་མི་འབད་པར་ཐོས་པ་ཁོ་ནར་འབད་པ་འདི་ནོར་བ་ཡིན་གསུང་སྐད། པོ་ཏོ་བས་ཚོགས་པ་སྟོང་རེ་རྒྱུན་དུ་བསྐྱངས། བཀའ་གདམས་གཞུང་གི་བསྟན་པ་གཙོ་བོར་སྤེལ། སློབ་མའི་མཆོག་ཉི་ཟླ་ལྟ་བུའི་ཐུགས་སྲས་གཉིས། གཞན་ཡང་ཐུགས་སྲས་བརྒྱད་དེ་བཅུ་ལས། དང་པོ་ནི་གླང་ཐང་པ་རྡོ་རྗེ་སེང་གེ་དང་། ཤ་ར་བ་ཡོན་ཏན་གྲགས་གཉིས། ཕྱི་མ་བརྒྱད་ནི། གཙང་ནས་རམ་སྡིངས་མ་བ་འབྱུང་གནས་རྡོ་རྗེ་དང་། སྣང་གྲེ་ལས་པ་གཉིས། གཡོར་ན་བེ་མོན་བུ་ཆུང་བ་དང་རོག་སྨྲ་ཞུར་བ་གཉིས། མཉམ་ནས་གླང་བྱ་རུ་བ་དང་། མཉོས་(གཉོས) བྲ་གོར་བ་གཉིས། གཡོ་རུ་ན་བྱ་འཕྲང་བ་དང་གྲབ་པ་གཞོན་ནུ་འོད་གཉིས་ཏེ་བརྒྱད་དོ། དེ་དག་ལས་རོག་སྨྲ་ཞུར་བ་དང་། གྲབ་པ་གཞོན་ནུ་འོད་ཀྱིས། པུ་ཏོ་བའི་གསུང་ལས་ཟིན་བྲིས་བྱས་པ་ལས། རིམ་བཞིན་བེ་བུམ་སྔོན་པོ་དང་། དཔེ་ཆོས་རིན་སྤུངས་ཞེས་གྲགས་ལ། གྲབ་(བྲག) དཀར་བས་དཔེ་ཆོས་འཁྲུགས་པ་སྡེབས་ཤིང་། ལྕེ་སྒོམ་ཤེས་རབ་རྡོ་རྗེ་དང་། གྲོ་མོ་ཆེ་པ་བདུད་རྩི་གྲགས་ཀྱིས་གསལ་བྱེད་ཀྱི་འགྲེལ་པ་ཡང་མཛད་དོ། གླང་ཐང་པ་ཤིང་ཕོ་རྟ་ལོ་པ་སྟེ་པུ་ཏོ་བ་ལས་ལོ་བཅུ་གཅིག་གིས་གཞོན། ཚོགས་པ་སྟོང་རེ་[བསྐྱངས] ལོ་བདུན་ཅུ་བཞུགས། ཤ་ར་བ་ལྕགས་ཕོ་བྱི་ལོ་པ་སྟེ་གླང་ཐང་པ་ལས་ལོ་བཅུ་དྲུག་གིས་གཞོན།