[A:༢༡]བཅས་ཏེ་གྲྭ་པའི་ཚོགས་ཤིན་ཏུ་མང་བའི་དབུས་སུ་ཆོས་དཔག་ཏུ་མེད་པ་ཡུན་རིང་པོར་གསུང་བའི་སྣང་བ་བྱུང་གསུངས་ཏེ། དེ་ལྟ་བུ་ནི་རྗེ་གོང་མའི་སྐུ་ཚབ་ཏུ་བཞུགས་ནས་གཞན་དོན་དཔག་ཏུ་མེད་པ་འོང་བའི་ལྟས་སུ་སྣང་ཞིང༌། གཞན་ཡང་བླ་མ་དམ་པ་འདི་ནི་སྣང་བ་བདེན་མེད་དུ་རྟོགས་པའི་རྟོགས་པ་ཁྱད་པར་ཅན་ཐུགས་ལ་མངའ་བའི་ཕྱིར་ཉན་པོ་དགོན་པར་རྡོ་ལ་ཕྱག་རྗེས་བཞག་པ་ད་ལྟའང་གསལ་པོར་ཡོད་པ་དང༌། ཟང་ཟིང་གི་དངོས་པོ་རྣམས་ལ་འཛིན་པ་མི་མངའ་སྟེ། ཡོན་བདག་གྲྭ་སློབ་ཀུན་གྱིས་དངོས་པོ་ཕྱག་ཏུ་ཕུལ་བ་རྣམས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། དགེ་འདུན་གྱི་སྡེ་འཛུགས་པ་དང༌། དགོན་སྡེ་རྣམས་སུ་མཆོད་རྫས་ཀྱི་རྒྱུ་དང༌། གང་དང་གང་དུ་ཕེབ་པའི་གནས་རྣམས་སུ་དགེ་འདུན་གྱི་ཚོགས་ལ་མང་ཇ། འགྱེད་ལ་སོགས་པ་དང༌། གཞན་ཡང་ཆོས་ཀྱི་བྱེད་ལས་དག་དང༌། མགོན་མེད་པ་ལ་སྦྱིན་པར་གནང་བ་མ་གཏོགས་ཞེན་ལྟོས་ཅུང་ཟད་ཀྱང་མི་མངའ་ལ། དེ་ལ་སོགས་ཏེ་དགེ་བ་གང་མཛད་ཀྱང་གཞན་དོན་ཁོ་ནར་བསྔོ་བ་སྟེ། རྗེའི་ཞལ་ནས། ཁོང་རྣམས་ཀྱིས་ངའི་རིམ་གྲོ་ལ་དམིགས་པའི་འགྱེད་དང་མང་ཇ་སོགས་གང་བྱས་ཀྱང༌། ངས་ནི་དེ་ཀུན་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་བསྔོས་ཞེས་གསུངས་པ་ཉིད་ཀྱིས་ཤེས་སོ། །མདོར་ན་སྣང་གྲག་རིག་གསུམ་ཐམས་ཅད་ལྷ་སྔགས་ཡེ་ཤེས་སུ་ཤར་བའི་གྲུབ་པའི་དབང་ཕྱུག་རྩོད་པ་དང་བྲལ་བ་ཡིན་ཞིང༌། གཞན་ཡང་མངོན་པར་ཤེས་པ་ཐོགས་མེད་དུ་མངའ་སྟེ། གཞོན་ནུའི་དུས་སུ་མངོན་པར་ཤེས་པ་མང་དུ་མཛད་པ་དང༌། དགེ་བཤེས་སེང་གེ་གྲགས་མདོ་ཁམས་ཀྱི་རྣམ་རྟོག་མང་དུ་རྒྱུས་པ། རྗེ་འདིས་མཁྱེན་