R78: བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་པའི་རྣམ་ཐར།

  • Pagination (Witness A): ༤༡༠
[A:༤༡༠]པ་དང༌། ཆོས་སྐྱོང་ཆེ་ཆུང་གི་སྐོར་ལ་སོགས་པ་ལེགས་པར་གསན་ཏེ་མན་ངག་རྣམས་ཀྱི་ལག་ལེན་དང་བཅས་པ་ཡང་ཤིན་ཏུ་མཁས་པར་མཛད་པ་ཡིན་ནོ། །གཞན་ཡང་བརྟག་གཉིས་ཀྱི་ཊཱི་ཀཱ་ཆོས་རྗེ་རང་གིས་མཛད་པའི་སྟེང་ནས་ཚར་བརྒྱད། གུར་རྒྱན་གྱི་སྟེང་ནས་གུར་ཚར་གཅིག །གནད་ཀྱི་གསལ་བྱེད་ཀྱི་སྟེང་ནས་སམྦུ་ཊ་ཚར་གཅིག །བུ་སྟོན་རིན་པོ་ཆེའི་ཊཱི་ཀའི་སྟེང་ནས་སམྦུ་ཊ་ཚར་གསུམ་ལ་སོགས་པ་གསན་ནོ། །གཞན་ཡང་ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་ལ་རྒྱ་བོད་ཀྱི་སྦྱོར་དྲུག་གི་རིགས་མ་ཚང་བ་མེད་པར་མངའ་བ་རྣམས་ཀྱང་ཚང་བར་གསན་ཅིང་ཁྱད་པར་དུ་སྲོན་པའི་སྐོར་གྱི་མན་ངག་གེགས་སེལ་རྣམས་ཤིན་ཏུ་མཁས་པའི་སྒོ་ནས་ཉམས་སུ་ལེན་པ་རྣམས་ཁྲིད་པ་ལ་ཕུལ་དུ་བྱུང་བ་ཡིན་ནོ། །གཞན་ཡང་དུས་ཀྱི་འཁོར་ལོའི་ཊཱི་ཀཱ་ཆོས་རྗེ་ཉིད་ཀྱིས་མཛད་པའི་སྟེང་ནས་བཤད་པ་ལེགས་པར་གསན་ཏེ། རྒྱུད་འགྲེལ་ལ་ཡང་ཤིན་ཏུ་མཁས་ཤིང་ཆོས་རྗེ་ཉིད་ཀྱིས་མཛད་པའི་དུས་འཁོར་གྱི་ཡིག་ཆའི་རིགས་རྣམས་ཀྱང་ཡོངས་སུ་རྫོགས་པར་གསན་ནོ། །བཀའ་བཞི་པ་ཤེས་རབ་རྒྱལ་མཚན་པ་ལས། འཕགས་པ་དཀོན་མཆོག་བརྩེགས་པ། འབུམ། ཉི་ཁྲི། ཁྲི་བརྒྱད་སྟོང་པ་ལ་སོགས་པ་ཤེར་ཕྱོགས་ཐམས་ཅད་དང༌། གཞན་ཡང་ལུང་མང་པོ་གསན་ནོ། །བླ་མ་གྲགས་མགོན་པ་ལས་སངས་རྒྱས་ཕལ་པོ་ཆེ་དང༌། བསྟན་བཅོས་མང་པོའི་ལུང་གསན། བླ་མ་མགོན་པོ་འབུམ་པ་ལས་མདོ་སྡེ་དང༌། སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་རྒྱ་གཞུང་མང་པོའི་ལུང་གསན། བླ་མ་གུང་པ་བཀྲ་ཤིས་བཟང་པོ་ལས་སྒྲུབ་ཐབས་རྒྱ་མཚོ་དང༌། རྒྱུད་འབུམ་ལ་སོགས་པ་མང་པོ་གསན། བླ་མ་གཟུངས་ཀྱི་དཔལ་བ་ལས་ཆོས་སྐྱོང་ཆེ་ཆུང་ལ་སོགས་པའི་མན་ངག་མང་པོ་གསན། དེ་ལྟར་གསན་པ་ཐམས་ཅད་ཀྱང་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་མཐར་ཕྱིན་པར་མཛད་དེ་ཏིང་ངེ་འཛིན་གྱི་རྟོགས་པ་བསམ་གྱིས་མི་ཁྱབ་ཅིང༌། ཁྱད་པར་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྣམ་པར་དག་པ་རྟོགས་ཏེ། སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་དེའི་ངང་ལས་མི་གཡོ་བས་སེམས་ཅན་