R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༤༤བ
[A:༤༤བ]ནས་དབུ་རྩེ་རྙིང་མར་གྲགས་པ་འདི་བཞེངས་པ་ཡིན་ནོ། །ཡང་རྗེ་པ་བྱང་གི་ས་ཆ་བྲག་ཕུག་ལྟོ་སྦྲེལ་པ། བར་ན་དཀར་ཁུང་ཡོད་པ་ཅིག་ན་བཞུགས་པའི་ཚེ། ཚེས་བཅོ་ལྔའི་ཟླ་བ་རྒྱང་པ་ན་ལུང་པའི་མདའ་ན་ཇིག་དིར་མང་པོ་འདུག་པ་ལ། ཉེ་གནས་ཀྱིས་བལྟས་པས་རྟ་པ་མང་པོ་བྱུང་སྟེ་རེ་ཞིག་ནས་རྗེ་པའི་གཟིམས་ཕུག་ཏུ་སོང་བ་དག་ཤོང་ས་ནི་མེད་སྙམ་དཀར་ཁུང་ནས་བལྟས་པས། མི་མང་པོ་སྐད་མི་གོ་བ་སྣ་ཚོགས་སྨྲ་ཞིང་ཐལ་མོ་སྦྱར། བྱིས་པ་ལོ་བརྒྱད་པ་གོས་དཀར་པོ་གྱོན་ཞིང་གཡུའི་བྱ་རུ་བཞི་བཙུགས་པ་ཅིག་གིས་ལོ་ཙཱ་བྱེད་དེ། །རྗེ་པ་འགྲོ་བའི་དོན་ལ་འབྱོན་དགོས་ཚུལ་ཞུ་ཡིན་འདུག་པ་ན། ང་རྒས་ཤིང་ལས་འབྲེལ་ཙམ་མེད་པས་ཁྱེད་ལ་ཕན་མི་ཐོགས། །ངའི་ཚ་བོ་ཀུན་དགའ་རྒྱལ་མཚན་དང་ཁྱེད་ལས་འབྲེལ་ཡོད་པས་གཏང་ངོ་གསུང་བ་སོགས་གླེང་། དེ་ནས་རྗེ་པ་བྱོན་ནས་ཆང་ཡོད་དམ་གསུངས་པ་ལ། ཉེ་གནས་ཀྱིས་མང་པོ་ཙམ་མེད་བུམ་གང་བདོག་ཞུས་པས། ཅི་རུང་གི་བལྟར་མི་རུང་བས་ཁྱེད་རང་མ་བལྟ་ཞིག་གསུངས། ཆང་ཐོད་པར་བྱིན་རླབས་མཛད་པས་ཐམས་ཅད་བཟི་བཟི་འཐུང་ཞིང་མཚན་གང་གླུ་གར་བྱེད་པ་མཐོང་སྟེ། དེ་དག་ནི་ཧོར་གྱི་ལྷ་གནམ་ཐེའུ་དང་། བོད་ཀྱི་བཙན་ཐང་རྒྱལ་པོ་ཡིན་པར་བཤད་ལ། གཞན་ཡང་ཀླུ་གཙུག་ན་རིན་ཆེན་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་མགོ་བོ་ས་སྐྱ་དང་། མཇུག་རྒྱ་ནག་ཏུ་གཏད་པའི་སྒོ་ནས་དཔལ་ས་སྐྱ་པ་ལ་དཔལ་འབྱོར་གྱི་རྟེན་འབྲེལ་བསྒྲིགས་པ་སོགས་མཐའ་ཡས་ཤིང་། དགུང་ལོ་རེ་གཅིག་པའི་ཚེ་མནལ་ལམ་ན་ནེའུ་གསེང་ཅིག་གི་དབུས་ན་བཞུགས་འདུག་པ་དང་། བུད་མེད་སྔོན་མོ་ཁ་ཅིག་ན་རེ་མཁའ་སྤྱོད་དུ་བྱོན་ཟེར་བ་