R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༤༤ན
[A:༤༤ན]བཞག་འདུག་པ་ལ། པཎ་ཆེན་ན་རེ། དེ་ཙམ་ལ་ངོ་མཚར་རྒྱུ་ཙམ་ཡང་ཡོད་དེ་གསུངས་པས། རྗེ་བཙུན་གྱིས་ངོ་མཚར་དུ་རེ་ནས་བྱས་པ་མ་ལགས་གསུངས། དེའི་ཚེ་རྗེ་པ་ལ་པཎ་ཆེན་པས་ཕྱག་ལན་མཛད་པས། པཎ་ཆུང་རྣམས་ཀྱིས་ཁོང་དགེ་བསྙེན་ཅིག་ལ་ཕྱག་ལན་མཛད་པར་མི་འོས། སྔ་གོང་ནས་ཀྱང་ཕྱག་ལན་མི་མཛད་པར་ཞུ་ཕུལ་བར་གདའ། ཞལ་ཆད་ཡོད་པ་མ་ལགས་སམ་ཞུས་པས། དེ་ཡིན་ཏེ་ཁོང་མཧཱ་བཛྲ་དངོས་སུ་འདུག་པ་གསུངས་ཏེ། གསང་བ་འདུས་པའི་དཀྱིལ་འཁོར་དུ་གཟིགས་པ་ཡིན་གསུངས། ཡང་སྐབས་ཤིག་ཏུ་ས་སྐྱར་པཎ་ཆེན་པས་དུས་འདི་ལ་ཉི་མ་གཟས་འཛིན་ཞེས་ཡི་གེ་བཏབ། རྗེ་པས་དེ་སྐད་མི་གསུང་བ་ཞུ་ད་ལན་ཅིས་ཀྱང་མི་འཛིན་པ་འདུག་ཞུས་པས། པཎ་ཆུང་རྣམས་ཀྱང་ཐུགས་ཁྲེལ་གྱི་རྣམ་པ་མཛད། དེ་ནས་པཎ་ཆེན་ཆོས་རྗེ་པ་དང་བཅས་པ་ཤང་སྲེག་ཤིང་དུ་ཕེབས། ཉི་མ་གཟའ་འཛིན་དུས་བཏབ་བཞིན་མ་བྱུང་བས། པཎ་ཆེན་པ་ན་རེ། དེ་ཙམ་དག་ཁོ་རང་ཤེས་ཏེ་སྟོད་ཡ་གི་ན་དགེ་བསྙེན་རྒན་པོ་ཅིག་ང་རྒྱལ་ཡོད་གསུངས་ལོ། །ཡང་རྗེ་པས་ཀླུ་ནག་པོ་འཁུན་ཤེས་ལ། ང་གཙུག་ལག་ཁང་ཅིག་བྱེད་པས་ཁྱོད་ཀྱི་ནོར་འདི་རྣམས་གཞན་ཅིག་དུ་བསྐྱེལ་དགོས་གསུངས་པས། ཕྱོགས་ཀུན་ཏུ་བཙལ་བས་རྒྱ་མཚོའི་མཐའ་ཕ་གི་ན་ཅུང་ཟད་ཅིག་འདུག གཞན་བསྐྱེད་ས་མ་རྙེད་ཟེར། ཅི་ཙམ་ནས་འཁྱོལ་གསུངས་པས། གསེར་རྐྱང་པ་བསྐྱལ་ན་ཡང་ལོ་སྟོང་དགོས་ཟེར། འོ་ན་ཁྱོད་རང་སྡོད་ལ་ས་བླངས་གསུངས་ནས་མོན་རྡོ་རྗེ་རཱ་ཛཱས་སྣ་དྲངས། རྗེ་པས་དེད་དེ་དེང་སང་བླ་བྲང་ཤར་གྱི་ཕ་བོང་རོམ་མེ་བ་དེ་ཡིན་ཏེ། དེ་