R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༩ན
[A:༣༩ན]བསྒོམ་གྱིན་བྱོན་ནས་ཁྲི་ཐོག་ཏུ་ཕེབས་པ་དང་། དབུ་རྒྱན་ལ་རིགས་བདག་ཚར་ཡོང་། ཆོས་གཏོར་དེ་ལ་ཐུན་གཏོར་གྱི་དོད་མཛད། ཆོས་གསུངས་པ་ལ་བཟླས་པའི་དོད་མཛད་ཅིང་། ཆོས་ཐོན་པ་དང་ཡང་ཡར་ལ་བདེ་མཆོག་གཅིག་བསྒོམ་གྱིན་གཤེགས་ཏེ། མདོར་ན་ཉིན་ཞག་ཕྲུགས་རེ་ལ་དཀྱིལ་འཁོར་མི་འདྲ་བ་བདུན་ཅུ་ཙམ་རེ་བསྒོམ། གཞན་ཡང་ཡང་ན་ཐུགས་དམ། ཡང་ན་གཟིགས་རྟོག ཡང་ན་ཆོས་གསུངས་པ་མ་གཏོགས་སྐུ་གསུང་ཐུགས་ཐ་མལ་དུ་བཞུགས་པ་སུས་ཀྱང་མཐོང་མ་མྱོང་སྐད་དོ། །གསུམ་པ་ལ་བཤད་པ་མཛད་པ་ནི། གཞུང་ཇི་ལྟར་དཀའ་ཞིང་མ་འདྲིས་ཀྱང་སྔ་ལྟ་མི་དགོས་པར་ངག་དོན་སླེབ་པས་སློབ་མ་རྣམས་ཀྱིས་རྟོགས་པར་སླ་བ་ཡིན་ནོ། །རྩོད་པ་ནི། གཞན་གྱིས་བརྩད་ཅིང་དྲིས་པ་ན་སྤོབས་པ་མི་ཐོགས་པ་ལུང་རིགས་ཀྱི་སྒོ་ནས་ཆོས་དང་མཐུན་པར་ལན་འདེབས་པས་ཕ་རོལ་པོའི་ལོག་རྟོག་སེལ་བ་ཡིན་ནོ། །ལེགས་པར་བཤད་པའི་ཆ་གསུང་རབ་གསར་དུ་མཛད་པ་ཡང་ལམ་འབྲས་བརྒྱུད་པའི་གསོལ་འདེབས། བརྟག་གཉིས་ཀྱི་འགྲེལ་པ་དག་ལྡན། རྒྱུད་གསུམ་གྱི་མངོན་རྟོགས་རིན་པོ་ཆེའི་ལྗོན་ཤིང་། རྒྱུད་སྡེའི་དུམ་བུ་བརྒྱ་བཅུ་གསུམ་པ། སྟོང་ཐུན་ས་བཅད། རྗེ་བཙུན་ས་སྐྱ་པ་ཆེན་པོའི་རྣམ་ཐར། སློབ་དཔོན་རིན་པོ་ཆེའི་རྣམ་ཐར་ཚིགས་བཅད་མ། རྗེ་བཙུན་ཉིད་ཀྱི་མནལ་ལམ་གྱི་རྣམ་ཐར། རྒྱུད་འབུམ་གྱི་དཀར་ཆག བླ་ཆེན་མལ་གྱི་ཆོས་སྐོར་གྱི་དཀར་ཆག ཀྱེ་རྡོ་རྗེའི་ཆོས་སྐོར་གྱི་དཀར་ཆག ཚར་གསུམ་ཁུག་པའི་མན་ངག ཀྱེ་རྡོ་རྗེའི་མངོན་རྟོགས་ཡན་ལག་དྲུག་པ། བ་རི་ལོ་ཙཱ་བའི་ལུགས་ཀྱི་ཀྱེ་རྡོར་