R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༢༢ན
[A:༣༢༢ན]མཛད་ཅིང་། བླ་མ་དེ་ལ་སྲས་གསུམ་འཁྲུངས་པའི་ནང་གི་ཆེ་བ་བློ་གྲོས་རྒྱལ་མཚན་ཞེས་བྱ་བས་ཡབ་གཤེགས་ནས་གདན་ས་ཡུན་རིང་པོའི་བར་དུ་མཛད་ལ། དེ་ཉིད་ཀྱི་རྗེས་སུ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ཞེས་བྱ་བ་རིན་ཆེན་སྒང་བླ་བྲང་པའི་ཞལ་ངོ་སྟེ། བླ་མ་འདིས་ཀྱང་གདན་ས་ཡུན་རིང་དུ་མཛད་ཅིང་། དེའི་འོག་ཏུ་གཞི་ཐོག་པ་ཀུན་དགའ་དབང་ཕྱུག་ཅེས་བྱ་བས་གདན་ས་མཛད། དེའི་རྗེས་སུ་བདག་ཆེན་རྒྱ་དཀར་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་ཀྱང་གདན་ས་ཡུན་མི་རིང་བ་ཙམ་མཛད་དེ། །དེ་རྗེས་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་དགུང་ལོ་སུམ་ཅུ་ཙམ་བཞེས་པ་ནས། ལྔ་བཅུ་རྩ་གཉིས་ཀྱི་བར་བཅུ་ཕྲག་གཉིས་དང་ཉག་མ་གཉིས་ཙམ་གྱི་བར་དུ་གདན་ས་མཛད་ལ། དེ་ནས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཉིད་སླར་ཡང་བསྟན་འགྲོའི་དོན་ལ་ངུར་སྨྲིག་གི་བླ་གོས་འཆང་བའི་དགེ་སློང་མཆོག་གི་ཚུལ་བཟུང་བ་ས་ལོ་འཇམ་པའི་རྡོ་རྗེ་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་དེས་དཔལ་ས་སྐྱའི་གདན་ས་དགུང་ལོ་བཅུ་གཉིས་བཞེས་པ་ནས་བཟུང་། བཞི་བཅུ་རྩ་དགུའི་བར་ལོ་གྲངས་སུམ་ཅུ་སོ་བརྒྱད་ཙམ་མཛད། དེ་ནས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་བསྟན་པའི་ཉི་མ་ཆེན་པོ་དེ་ཉིད་ཀྱི་དགུང་ལོ་བཅུ་བདུན་དུ་ཕེབས་པ་ནས་བཟུང་། དྲུག་ཅུ་རེ་བརྒྱད་བཞེས་པའི་བར་ཏེ་ལོ་གྲངས་ལྔ་བཅུ་ང་གཅིག་ཙམ་གྱི་བར་དུ་གདན་ས་མཛད་ནས་བསྟན་པའི་མེ་རོ་རྨང་ནས་བསླངས་ཤིང་། དེ་ལྟ་བུའི་སྔགས་འཆང་བླ་མ་དེ་ཉིད་