R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༨བ
[A:༢༩༨བ]མཆོག་ཏུ་བཟང་། ཁྱེད་ཁྲི་ཐོག་པ་སྐུ་མཆེད་གཉིས་པོ་ཚེ་རིང་པོ་འོང་ཞིང་། འཕྲིན་ལས་ཀྱང་ཤིན་ཏུ་ཆེ་བས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྟེན་འབྲེལ་དུ་འདུག་པས་དེའི་དགའ་སྟོན་གྱིས་གསུངས་ནས། སྐུ་མཆེད་གཉིས་ལ་གོས་ཆེན་གྱི་སྐུ་བེམ་བཟང་པོ་རེ་རེ་སྩལ་བའི་རྗེ་ཉིད་ལ་གནང་བ་དེ་ནི་གོས་མདོག་དམར་པོ་སྤྲིན་རིས་མ་བར་མཚམས་ལ་ནོར་བུ་ཆ་བདུན་གྱི་རི་མོ་བྱས་པ་ཞིག་འདུག་པ་ཤིན་ཏུ་རྙིང་པར་སོང་འདུག་ཀྱང་། དུས་ཕྱིས་ཀྱང་ཉིད་ཀྱི་སྐུ་ལ་ཡང་ཡང་བཞེས་ནས་གོང་གི་ལོ་རྒྱུས་རྣམས་གསུངས་ཏེ། གོས་བེམ་འདི་རྙིང་ཀྱང་གསར་པ་བརྒྱ་བས་དགའ་བ་ཡིན་ཞེས་གསུང་བ་ཐོས་ཤིང་། གཞན་ཡང་ལྷ་དང་བརྒྱུད་པའི་བླ་མ་དུ་མས་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པའི་ཚུལ་སོགས་ནི། རྗེ་ཉིད་ཀྱིས་བདེ་མཆོག་ཕོ་བྲང་དུ་དགེས་པ་རྡོ་རྗེའི་གཞི་བསྙེན་ལ་བཞུགས་པའི་དུས་སུ། ཐོ་རངས་ཀྱི་ཆ་ཞིག་ལ་མནལ་ལམ་གྱི་ཚུལ་གྱིས་མདུན་གྱི་ནམ་མཁར་འཇའ་འོད་ཀྱི་གུར་ཁང་འཁྱིལ་བའི་ཁྲོད་ན། ས་སྐྱ་པ་རྗེ་བཙུན་དཀར་པོ་རྣམ་གསུམ་ཤིན་ཏུ་གསལ་བར་བཞུགས་པའི་སྐུ་མདུན་ན་རིན་པོ་ཆེའི་སྣོད་ཤིང་འབྲས་ཀྱིས་བཀང་བ་ཞིག་དང་བཅས་འདུག་པ་གཟིགས་པས་དད་ཤུགས་ཆེན་པོས་ཕྱག་མང་དུ་བཙལ་བའི་སྣང་བ་བྱུང་གསུངས་ཤིང་། གཞན་ཡང་དུས་དེར་ནམ་མཁའ་ཐམས་ཅད་སྤྲིན་དཀར་པོ་ཞིག་གིས་ཁྱབ་པའི་ངོས་ལ་ཚེ་དཔག་མེད་དཀར་པོའི་སྐུ་བརྙན་ཤིན་ཏུ་གསལ་བ་ཞིག་ཀྱང་མངོན་སུམ་དུ་མཐོང་བ་བྱུང་ཀྱང་གསུངས་སོ། །དེ་ལྟར་ཀྱེ་རྡོ་རྗེའི་གསུང་བསྙེན་མཛད་པའི་རྗེས་དེ་མ་ཐག་པར། གུར་གྱི་མགོན་པོའི་བསྒོམ་བཟླས་ཞག་བདུན་པ་ཞིག་མཛད་པའི་ཐོ་རངས་