R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༤བ
[A:༢༧༤བ]དང་། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་བསྐུལ་བའི་ཕྱིར། སྔགས་འཆང་བླ་མ་དེ་ཉིད་དགུང་ལོ་རེ་བརྒྱད་དུ་ཕེབས་པ་ཤིང་ཕོ་སྤྲེའུའི་ལོ་གྲོ་བཞིན་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་བཅུ་གཉིས་ལ། རྒྱུད་སྡེ་རྣམས་ནས་འབྱུང་བའི་འདའ་ཁ་མའི་རྣལ་འབྱོར་ཟབ་མོ་གསལ་འདེབས་པར་མཛད་དེ། ཐུན་མོང་དུ་སྣང་བའི་གཟུགས་སྐུ་དེ་ཉིད་ཀྱི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །དེའི་དུས་སུ་བདག་ཉིད་ཆེན་པོ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་རྒྱ་མཁར་རྩེའི་ཆོས་རྒྱལ་ཆེན་པོ་བསོད་ནམས་ལྷུན་གྲུབ་ལ་མནལ་ལྟས་དང་གཟིགས་སྣང་འདྲེས་པ་ཞིག་ལ་སྔགས་འཆང་ཉིད་གསལ་བར་བྱོན་ནས། དེང་ཕྱིན་ཆད་ང་དྲན་པ་བྱུང་ན་སྐུ་འདི་ལ་གསོལ་བ་ཐོབ་ཅིག་ཅེས་གསུངས་ནས། རྒྱལ་རྩེ་རྩེ་རྒྱལ་གྱི་མགོན་ཁང་གི་མགོན་པོའི་སྐུ་དེ་ལ་ཐིམ་པའི་སྣང་བ་ཤིན་ཏུ་གསལ་བར་བྱུང་བ་དང་། ཡང་ཤབ་པ་རབ་འབྱུང་པ་འབུལ་དཔོན་ཤཱཀ་བློ་བར་གྲགས་པ་དེ་ཉིད་ཁམས་ཀྱི་ལུང་པ་ཞིག་ཏུ་ཡོད་པའི་དུས་ཉིན་གཅིག་མཐོང་སྣང་ལ། བདག་ཉིད་ཆེན་པོ་དེ་ཉིད་བཞུགས་གདན་དཀར་པོ་གྲུ་བཞི་པ་ཞིག་གི་སྟེང་ན་བཞུགས་པའི་ཟུར་བཞི་བཏེག་ནས་ནམ་མཁའ་ལ་གཤེགས་པ་མངོན་སུམ་དུ་མཐོང་བ་སོགས་འདི་དག་ནི་སྔོན་ས་སྐྱ་པ་ཆེན་པོ་བྱང་གི་སྐྱ་བོ་ཁ་གདངས་སུ་ཞིང་གཤེགས་པའི་ཚུལ་བསྟན་པ་ན། སློབ་མ་རྣམས་ལ་སྐུའི་བཀོད་པ་མི་འདྲ་བ་མང་དུ་བསྟན་ནས་དག་པའི་ཞིང་དུ་གཤེགས་པ་དང་ཚུལ་མཚུངས་པར་ཤེས་པར་བྱའོ། །དེ་ལྟར་ཚེས་བཅུ་གཉིས་ཀྱི་ནུབ་མོ་ནས་བཟུང་སྟེ་བཅུ་བཞིའི་བར་དུ་འོད་གསལ་མ་བུ་རོ་གཅིག་ཏུ་འདྲེས་པའི་སྤྲོས་པའི་ཚོགས་ཐམས་ཅད་ཉེ་བར་ཞི་ཞིང་། མཐའ་དབུས་