R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༦བ
[A:༢༥༦བ]པ། ཡང་གནས་དེའི་ས་ཆེན། བསོད་རྩེ། འགྲོ་མགོན་ཕྱག་ན། ཁའུ་པ་ཆོས་ཀྱི་རྒྱལ་མཚན་རྣམས་ཀྱི་ཕུག་པ་སོ་སོ་ན་ཡང་བླ་མ་སོ་སོའི་སྐུ་འདྲ་ཡིད་དུ་འོང་བ་རེ་རེ་སོགས་མདོར་ན་སྔགས་འཆང་ཉིད་ཀྱིས་གསར་དུ་བཞེངས་པའི་འབུར་སྐུ་བསམ་གྱིས་མི་ཁྱབ་པ་ཞིག་གིས་ཁའུ་སྐྱེད་ལྷས་དང་གདན་ས་ཆེན་པོའི་གཙུག་ལག་ཁང་ཕལ་ཆེར་མ་ཁྱབ་པ་མེད་པ་ལྟ་བུ་ཞིག་བཞུགས་ཤིང་། གཞན་ཡང་རིགས་འཛིན་བརྒྱུད་པ། བདེ་མཆོག ལམ་འབྲས། མགོན་པོ་རྣམས་ཀྱི་བླ་མ་བརྒྱུད་པའི་བྲིས་ཐང་མང་པོ་དང་། ས་ལོ་ཆེན་པོའི་རྣམ་ཐར་ཐང་ཁ། ཡང་ཕུར་གཉིས། བདེ་ཀྱེ་གསང་གསུམ། གུར་ཞལ་གཙོ་བོར་གྱུར་པའི་སྔགས་ཐང་གྲབས་གཅིག་སོགས་བྲིས་ཐང་ཆེ་ཆུང་བགྲང་བ་ལས་འདས་པ་ཞིག་གསར་དུ་བཞེངས་པ་མཛད་ཅིང་། ཡང་གཙུག་ལག་ཁང་ཉམས་གསོ་མཛད་པའི་རྣམ་གྲངས་ནི། སྒོ་རུམ་གཟིགས་སྤྱིལ་དཀར་པོའི་མགོན་ཁང་མདོ་ཕུག དཔེ་ཁང་ཆེན་མོ། བླ་མ་ལྷ་ཁང་། དབུ་རྩེ་རྙིང་མ། འཁོན་སྐུ་འབུམ། གཡུ་ཐོག འབུམ་ཐང་། གཞི་ཐོག་མགོན་ཁང་། ཟུར་ཁང་། རྫོང་ཆུང་། ཉི་ལྡེ། དགེ་འཕེལ། སྒྲོལ་མ། བསམ་གླིང་། ལྷ་ཁང་བླ་བྲང་། ལྷ་ཁང་ཆེན་མོ། མགོན་ཁང་ནུབ། རིན་བཟང་སྐུ་འབུམ། ཤཱཀ་བཟང་། སྒང་དཀར། གཞོན་དབང་རྣམས་དང་། གཞན་ཡང་སྐྱེད་ལྷས་མགོན་ཁང་། འདུ་ཁང་། ས་ཆེན་ཕུག རྩེ་མོ་ཕུག འཕགས་པ་ཕུག ཕྱག་ན་ཕུག་པ་ལ་སོགས་པ་མདོར་ན་གཙུག་ལག་ཁང་བསམ་གྱིས་མི་ཁྱབ་པ་ཞིག་ལ་ཉམས་གསོ་གསར་བཞེངས་དང་འདྲ་བ་མཛད་ཅིང་། གཞན་ཡང་གཙུག་ལག་ཁང་དང་རྟེན་