R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༥༣བ
[A:༢༥༣བ]ཅིང་། ལག་པས་སྡིགས་མཛུབ་རང་བྱས་པ་མེད་ཀྱང་། པུས་མོ་གཡོན་པའི་སྟེང་དུ་ལག་པ་གཡོན་པའི་མཛུབ་མོ་ཀེར་བྱས་པའི་སྟེང་ཀ་ཞིག་བྱུང་ཉེན་འདུག་ཅེས་ཀྱང་གསུངས་ཞེས་ཐོས་ལ་དེ་ནས་ལྷ་མི་ཐམས་ཅད་ཀྱིས་ཞབས་ཏོག་བསྙེན་བཀུར་སོགས་ཕུན་ཚོགས་པ་བསྒྲུབས་ཤིང་། བསམ་ཡས་ལྷུན་གྱིས་གྲུབ་པའི་ཆོས་དང་འཇིག་རྟེན་གྱི་མགོན་དམ་པ་མཛད་པར་གསོལ་བ་བཏབ་སྟེ། བདག་ཉིད་ཆེན་པོས་ཀྱང་སོ་སོའི་བསམ་པ་དང་མཐུན་པར་ལུགས་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་དར་རྒྱས་སུ་མཛད་པ་ཡིན་ནོ་ཞེས་ཐོས་ཤིང་། དེ་ནས་གོང་དཀར་སོགས་སུ་ཡང་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཅིང་རིམ་གྱིས་གདན་ས་ཆེར་པོར་ཕེབས་ཏེ། རེ་ཞིག་ནས་ཤབ་དགེ་སྡིངས་སུ་ཕེབས་ནས་སྐུ་མཚམས་བཅད་རྒྱ་དམ་པར་མཛད་ནས་བཞུགས་པའི་སྐབས། དམ་ཉམས་ལྷ་ས་རྫོང་པ་དང་། གནས་པ་མགོ་སྐྱ་བ་གཉིས་ཀྱི་ངན་གྲོས་ཀྱིས། གནས་པས་སྔགས་འཆང་ཆེན་པོ་ཉིད་བཀྲོངས་པ་བྱས། ལྷ་ས་པའི་ལྷ་ཁང་ཆེན་མོ་བསླུ་བར་བྱས་པ་ལ། སྔགས་འཆང་ཉིད་ཀྱི་མཐུ་སྟོབས་ཀྱིས་ངན་པ་དེ་དག་གི་བསམ་སྦྱོར་ངན་པ་ཐོག་ཏུ་མ་ཁེལ་བར་ལྷ་ཁང་ཆེན་མོ་ཉིན་གཅིག་གི་བསླུས་སྔ་བར་བྱུང་སྟེ། སྐུ་ཚབ་མདོ་སྔགས་རབ་འབྱམས་པ་ཀུན་དགའ་ཚེ་བརྟན་བཀྲོང་བ་དང་། འཕན་ནག་མི་ཁུར་གཅིག་དང་། ཆོས་དུང་དཀར་པོ་རྒྱང་གྲགས་ཀྱང་ཁྱེར་བ་སོགས། མདོར་ན་བསྟན་པ་ལ་གནོད་པའི་ཞབས་འདྲེན་དཔག་ཏུ་མེད་པ་བསྒྲུབས་པ་ན། ཆོས་དུང་གི་ནང་འབུས་གང་བ། མཚན་མོ་རང་སྐད་འདོན་པ་དང་། འཕན་ནག་ཀྱང་ནམ་གུང་སྒྲ་དང་བཅས་གདན་ས་ཆེན་པོ་ཕྱོགས་སུ་འགྲོ་བ་སོགས་རྩུབ་