R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༤༥ན
[A:༢༤༥ན]མཆོག །གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ཡི། །གཙུག་ལག་ཁང་ཆེན་ཉམས་པ་རྣམས་གསོས་ཏེ། །སྐུ་གསུང་ཐུགས་ཀྱི་རྟེན་དང་མཆོད་ཆས་བཀང་། །གཞན་ཡང་འགྲོ་བའི་བསོད་ནམས་འཕེལ་བའི་ཕྱིར། །ངོ་མཚར་མཆོད་པའི་རྟེན་དང་མཆོད་པའི་རྫས། །ཡིད་འཕྲོག་ཁང་བཟང་དུ་མའང་གསར་དུ་སྤེལ། །ཁྱད་པར་རྒྱལ་བའི་བསྟན་པ་གསལ་མཛད་པའི། །བཤེས་གཉེན་བརྒྱ་ཕྲག་མང་པོ་འབྱུང་བའི་གཞི། །ཆོས་གྲྭ་ཆེན་པོ་ཐུབ་བསྟན་ལྷ་ཆེན་དང་། །གསང་སྔགས་འཛིན་པ་དུ་མ་འདུ་བའི་གནས། །བདེ་བ་ཆེན་པོའི་གླིང་སོགས་ལེགས་བཏབ་ནས། །བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་དང་། །མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས། །བདེ་གཤེགས་བསྟན་པ་ཡར་ངོའི་ཟླ་ལྟར་སྤེལ། །གཞན་ཡང་རྡོ་རྗེ་འཆང་དངོས་ས་སྐྱ་པའི། །གོང་མ་དགོངས་པ་ཆོས་དབྱིངས་མཉམ་གཞག་པ། །དེ་དག་ཐུགས་དགོངས་རྫོགས་ཕྱིར་དགེས་རྡོར་དང་། །བདེ་མཆོག་གསང་འདུས་ཡང་ཕུར་ལ་སོགས་པ། །དྲི་མེད་རྒྱུད་ནས་བཤད་པའི་དཀྱིལ་འཁོར་ཚོགས། །སྒྲུབ་ཅིང་མཆོད་དང་བདག་འཇུག་ལེན་པ་དང་། །སློབ་མ་དབང་བསྐུར་ལ་སོགས་ལོ་རེ་བཞིན། །མི་ཉམས་དབྱར་མཚོ་བཞིན་དུ་འཕེལ་བར་མཛད། །མདོར་ན་ཞི་རྒྱས་དབང་དང་དྲག་པོ་ཡི། །སྣ་ཚོགས་ཐབས་མཁས་དུ་མས་གདུལ་བྱ་རྣམས། །གང་ལ་གང་འདུལ་ཚུལ་དུ་ལེགས་བསྐྱངས་ཏེ། །འཛིན་མའི་ཁྱོན་འདི་རྫོགས་ལྡན་བདེ་ལ་བཀོད། །སྔོན་ཚེ་ཆོས་རྒྱལ་མེས་དབོན་དེ་དག་གིས། །བསྟན་པ་རིན་ཆེན་བྱ་བ་མཛད་པའི་ཚུལ། །བསམ་ལས་འདས་མོད་སངས་རྒྱས་བྱང་སེམས་