R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༣༩བ
[A:༢༣༩བ]པད་བརྟན་པའི་རྟེན་འབྲེལ་གནང་དགོས་ཞུས་པས། རྗེའི་གསུང་གིས། རིམ་གྲོ་སོགས་སྔར་ཡང་གང་གྲུབ་བྱས། ད་རུང་རིམ་པས་བྱེད་རྩིས་ཡིན། མཚམས་དམ་པ་ཞིག་བྱེད་བསམས་ནའང་། ཁ་རྩང་ནས་ཆོས་འཆད་པ་དང་། དེང་སང་གདན་ས་འདི་པ་རྣམས་ལ་མདུན་འཇགས་ཤིག་ཡོང་རེ་ནས་འགྱངས་པ་ཡིན། འདི་ཚོའི་བྲེལ་བ་ཆོད་འཕྲལ་ལ་མཚམས་བྱེད་ཅེས་གསུངས་པ་ལ་སོགས་པ་ཞིང་ཁམས་གཞན་དུ་འབྱོན་པའི་བཀའ་དུ་མ་སྔ་རོལ་ནས་སྩལ་བ་དང་། གཞན་ཡང་སྐུ་མྱ་ངན་ལས་འདའ་བའི་ལྟས་དུ་མ་སྔ་གོང་ནས་བྱུང་བར་གྲགས་ཤིང་། དེ་ནས་སྦྲུལ་ལོ་ཟླ་བ་དང་པོའི་ཚེས་ཉི་ཤུ་སྐོར་ལ་རིན་ཆེན་སྒང་གཟིམ་ཁང་དུ་ཕེབས་ནས་སྐུ་མཚམས་བུག་སྒོ་འདག་སྦྱར་མཛད་དེ། །ཐུགས་དམ་ཟབ་མོ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། ཐུན་མཚམས་རྣམས་ལ་གསུང་རྩོམ་འཕྲོ་ཅན་རྣམས་ཀྱང་གྲུབ་པར་མཛད། ཟླ་བ་ལྔ་པའི་ཉེར་བཞི་ལྔ་ཙམ་ནས་གཞན་ངོར་ཞབས་ཅུང་ཟད་བསྙུང་བའི་ཚུལ་བསྟན་ནས་དེར་སྐབས་ཀྱང་ཐུགས་དམ་ཟབ་མོ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། སྐབས་འགར་ཁྱེད་རྣམས་མ་འདུག་པ་མཆོད་པ་གསར་པ་ཤོམ་ཞེས་པ་ཡང་ཡང་གསུངས། དེ་དག་གི་སྐབས་སུ་ནམ་མཁའ་བཻཌཱུརྻའི་མདོག་ལྟར་ཤིན་ཏུ་དངས་ཤིང་སྣུམ་པ་ལ་ཉི་མའི་འོད་ཟེར་སྔར་བས་ཀྱང་གསལ་བ་དང་། ལྷའི་མེ་ཏོག་གི་ཆར་བསམ་གྱིས་མི་ཁྱབ་པ་བབས་པ་ན་སྐུ་འཁོར་རྣམས་ཡིད་མ་བདེ་ནས། འདི་ལྟར་འདུག་ལགས་པ་ཅི་འདྲ་ལགས་སམ་ཞུས་པས། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་རྣམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་སྤྲུལ་པ་ལ་ལ་བལྟམས་པ་དང་། ལ་ལ་མྱ་ངན་ལས་