R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༣༢བ
[A:༢༣༢བ]གསུམ་དང་། །སོ་ཐར་བྱང་སེམས་སྡོམ་པ་བསླབ་བྱར་བཅས། །སྒྲ་དང་སྙན་ངག་སྡེབ་སྦྱོར་སྐར་རྩིས་དང་། །བཀའ་དང་བསྟན་བཅོས་གླེགས་བམ་རབ་འབྱམས་ཀྱི། །དག་གསལ་ལུང་གི་བཀའ་དྲིན་དང་བཅས་པ། །མཐའ་ཡས་གདུལ་བྱའི་བསམ་པ་ཇི་ལྟ་བར། །སྩོལ་མཛད་ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །མཁས་པའི་མདུན་སར་འགལ་འབྲེལ་གཏམ་བྱེད་ཚེ། །ལུང་རིགས་རྗེས་སུ་གདམས་པའི་མཆེ་སྡེར་གྱིས། །མ་རྟོགས་ལོག་རྟོག་ཐེ་ཚོམ་གླང་པོའི་ལུས། །འཇོམས་མཛད་སྨྲ་བའི་སེང་གེ་མཚུངས་པ་མེད། །ལེགས་སྦྱར་ཚིག་གི་སྲད་བུ་ལ་བརྒྱུས་པའི། །རྒྱན་དང་མངོན་བརྗོད་སྡེབ་སྦྱོར་ནོར་བུའི་ཕྲེང་། །མཁས་པའི་ཡིད་འཕྲོག་དབྱངས་ཅན་མགུལ་པའི་རྒྱན། །སྤེལ་མཁས་ཚིག་རྗེ་ཚིག་བདག་སྨྲ་མཁས་པོ། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་བདག་ཉིད་ཆེན་པོ་འདིས་མཁས་པའི་བྱ་བ་རྣམ་པ་གསུམ་གྱི་སྒོ་ནས་མཁྱེན་བརྩེ་ནུས་གསུམ་གྱིས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པའི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པ་ལ་བརྟེན། སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་མ་བསྡུས་པར་ཡང་རང་གི་ངང་གིས་འདུ་ཞིང་། ཁྱད་པར་གསུང་གི་བདུད་རྩི་ངོམས་པར་གསོལ་བ་དང་། ཆོས་ཀྱི་འབྲེལ་པ་ཅི་རིགས་པ་ཐོབ་པའི་བསྟན་འཛིན་གྱི་སློབ་མ་ཡང་། བསྟན་པའི་མངའ་བདག་དམ་པར་བཞུགས་པ་རྗེ་རང་ཉིད་ཀྱི་སྐུའི་གཅུང་འཇམ་པའི་དབྱངས་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་རྣམས་དང་། སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་། བདག་ཆེན་