R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༣༡ན
[A:༢༣༡ན]དཔའ་ཆེ། །ཞེས་པ་ལྟར་ཏེ། དེ་ཡང་བདག་ཉིད་ཆེན་པོ་འདིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཞིབ་པར་ནི་སུས་ཀྱང་བརྗོད་པར་དཀའ་མོད། འོན་ཀྱང་མདོར་བསྡུས་པ་ཙམ་ནི་འདི་ལྟ་སྟེ། རྗེ་འདིས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ། རྩེ་གདོང་། ངོར་ཨེ་ཝཾ་ཆོས་ལྡན། ནཱ་ལེནྡྲ། གླིང་དགའ་བདེ་བ་ཅན། ཆོས་འཁོར་ལྷ་ས། བྱང་རྭ་སྒྲེང་སོགས་གནས་མང་པོར་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བའི་དུས་རྣམས་སུ་ཤེས་བྱའི་གནས་ལ་མ་ནོར་བར་སྤྱོད་པའི་མཁྱེན་རབ་ཀྱི་འཇུག་པ་རྣོན་པོས། བཤད་བྱའི་ཆོས་དེ་ཚིག་རྣ་བར་སྙན་ཅིང་། ཚིག་དོན་གོ་བདེ་ཞིང་ཆོད་ཆེ་ལ། དཀའ་བའི་གནས་རྣམས་དཔྱིས་ཕྱིན་ཅིང་བྱེད་པ་གསལ་བའི་སྒོ་ནས། སོ་སོའི་བློ་དང་འཚམས་པར་བཤད་པས་གདུལ་བྱ་རྣམས་ཀྱི་བློ་གྲོས་ཀྱི་པདྨོ་རྒྱས་པར་མཛད་པ་ན། ཉིན་རང་པོར་ཆོས་ཀྱི་གྲྭར་གནས་ཀྱང་སྐྱོ་སུན་སོགས་གཏན་མི་སྐྱེ་བ་ཞིག་ཡིན་པར་ཡོངས་སུ་གྲགས་ཤིང་། ཇི་སྙེད་གསུངས་པའི་རྣམ་གྲངས་ཀྱང་། རྒྱུད་སྡེ་རིན་པོ་ཆེ་དྲི་མ་མེད་པ་རྣམས་ནས་བཤད་པའི་སྤྱིའི་དབང་བསྐུར་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་ཞེ་གཉིས། དེའི་སྟེང་དུ་ཀྲྀ་ཡ་ས་མུཙྪའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་སྟེ་བཞི་བཅུ་ཞེ་ལྔའི་དབང་དང་། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་རྣམས་དང་། བྱེ་བྲག་གི་དབང་ལ། ཀྱེ་རྡོར་བཀའ་བབས་བཞིའི་དབང་ལ་སོགས་པ་ལྔ་བཅུ་རྩ་གཅིག་སྟེ་ཡོངས་བསྡོམས་སྨིན་བྱེད་དབང་གི་རྣམ་གྲངས་བརྒྱ་རྩ་བརྒྱད་དང་། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ལ་སོགས་པ་གྲོལ་བྱེད་ཁྲིད་ཀྱི་རྣམ་གྲངས་ཉི་ཤུ་རྩ་བདུན་ཙམ་